རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་རྒྱབ་ཁུངས།

སྤྱི་ལོ་ ༡༩༦༡ ལུ་ འགོ་ཐོག་དང་པ་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་འཆར་གཞི་བརྩམ་ནི་འགོ་བཙུགསཔ་ལས་ཚུར་ འབྲུག་རྒྱལ་ཁབ་འདི་དེང་རབས་ལུགས་བསྟུན་གྱི་ལམ་བཤུལ་ནང་འཛུལ་ཡོདཔ་ཨིན། ལོ་ངོ་བཅུ་ཕྲག་གཅིག་གི་ཤུལ་ལས་ མི་དབང་ཞིང་གཤེགས་དམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ སྤྱི་ལོ་ ༡༩༧༡ ལུ་ འཆར་གཞི་ལྷན་ཚོགས་འདི་ རང་དབང་ཅན་གྱི་ལྷན་ཚོགས་སྦེ་ གཞི་བཙུགས་མཛད་གནང་ཡི། འཆར་གཞི་ལྷན་ཚོགས་དང་ལྷན་ཚོགས་ཡིག་ཚང་ཀྱི་ ལཱ་འགན་གཙོ་བོ་ར་ སྤྱི་བཏང་གི་ ཡར་རྒྱས་གོང་འཕེལ་གྱི་ཐབས་བྱུས་བཟོ་ནི་དང་ ལས་སྡེ་ཁག་གིས་ལས་སྣ་ཚུ་འགོ་འདྲེན་འཐབ་ནི་ འཆར་གཞི་དང་ལས་རིམ་ཚུ་ དེ་ལས་ལོ་ལྔའི་འཆར་གཞིའི་ལས་རིམ་བརྩམ་ནི་ཚུ་ཨིན། གྲོགས་རམ་འཛིན་སྐྱོང་འབད་ནི་ ལྷན་ཁག་ནང་འཁོད་ཀྱི་ལས་རིམ་ཚུ་འགོ་འདྲེན་འཐབ་ནི་དང་བལྟ་རྟོག་འབད་ནི་ དེ་ལས་ རྒྱ་ཁྱབ་དཔལ་འབྱོར་གྱི་གནས་རིམ་གྱི་ལས་རིམ་ཚུ་དབྱེ་ཞིབ་འབད་ནི་ཚུ་ཡང་་འཆར་གཞི་ལྷན་ཚོགས་ཀྱིས་ལཱ་འགན་ཨིན་པས། དེ་གིས་ཡང་མ་དོར་བར་ གསལ་བཀོད་འབད་ཡོད་པའི་ དམིགས་ཡུལ་དང་གཙོ་རིམ་ཚུ་དང་འཁྲིལ་ཏེ་ ལོ་ལྔའི་འཆར་གཞི་ཡང་དུས་ཚོད་ཁར་ལག་ལེན་འཐབ་ནི་འདི་ཡང་ འཆར་གཞི་ལྷན་ཚོགས་ཀྱིས་འགན་ཁུར་ཨིན་པས།

སྤྱི་ལོ་ ༡༩༩༣ ལུ་ གྲོགས་རམ་འཛིན་འཐབ་ནི་ལཱ་འགན་འདི་ འཆར་གཞི་ལྷན་ཚོགས་ལས་ དངུལ་རྩིས་ལྷན་ཁག་ལུ་རྩིས་སྤྲོད་འབད་ནུག ། ལོ་དེ་ནང་ལུ་་ར་ རྫོང་ཁག་གོང་འཕེལ་འགོ་འདྲེན་གྱི་ལཱ་འགན་འདི་ ནང་སྲིད་ལྷན་ཁག་ལས་ འཆར་གཞི་ལྷན་ཚོགས་ལུ་རྩིས་སྤྲོད་འབད་ནུག ། གཞུང་གིས་ལྷན་ཁག་དང་ལས་སྡེའི་གནས་རིམ་མང་རབས་ཅིག་ནང་གྲོས་བསྟུན་རྒྱས་ཤིང་རྒྱསཔ་སྦེ་མཛད་པའི་མཐའ་མ་ འཆར་གཞིའི་ལས་རིམ་ཚུ་བརྩམ་ཐངས་ཚུ་ཡར་དྲགས་བཏང་ཐབས་ལུ་ སྤྱི་ལོ་ ༡༩༡༩༡ ལུ་ སྲིད་བྱུས་དང་འཆར་གཞི་སྡེ་ཚན་འདི་ ལྷན་ཁག་མ་འདྲཝ་ཚུ་ནང་གཞི་བཙུགས་འབད་ནུག ། སྲིད་བྱུས་དང་འཆར་གཞི་སྡེ་ཚན་གཞི་བཙུགས་འབད་མི་འདི་གིས་ སྤུས་ཚད་དང་འཆར་གཞི་བརྩམ་ནིའི་བྱ་རིམ་ཚུ་འཇོན་ཅན་བཟོ་སྟེ་ འབྲེལ་ཡོད་ལས་སྡེ་དང་འཆར་གཞི་ལྷན་ཚོགས་ཀྱི་བར་ན་ འབྲེལ་མཐུད་སྦོམ་འབྱུང་བཅུག་མི་སྡེ་ཚན་ཅིག་ལུ་འགྱུརཐབས་ལུ་དམིགས་ཏེ་གཞི་བཙུགས་འབད་ནུག།. Read more