འཆར་གཞི་ ༡༡ པའི་བར་མཚམས་བསྐྱར་ཞིབ་ཀྱི་སྙན་ཞུ།

ལོ་ལྔའི་འཆར་གཞི་བཅུ་གཅིག་པ་འདི་ གནམ་ལོ་༢༠༠༨ ལུ་དམངས་གཙོའི་རྩ་ཁྲིམས་ཅན་གྱི་རྒྱལ་བརྒྱུད་ཀྱི་རིང་ལུགས་འདི་འགོ་བཙུགས་ཞིནམ་ལས་ ལོ་ལྔའི་འཆར་གཞི་གཉིས་པ་ཨིན། དེ་ཡང་ འབྲུག་གི་དམངས་གཙོའི་རྩ་ཁྲིམས་ཅན་གྱི་རྒྱལ་བརྒྱུད་ཀྱི་རིང་ལུགས་ཀྱི་རིང་ལུ་ བཙག་འཐུ་ལས་གྲུབ་པའི་གཞུང་གིས་འཆར་གཞི་བརྩམ་སྟེ་ལག་ལེན་འཐབ་མི་ ལོ་ལྔའི་འཆར་གཞི་གཉིས་པ་ཨིན། དེ་འབདཝ་ལས་བརྟེན་ཏེ་ ལོ་ལྔའི་འཆར་གཞི་ ༡༡ པ་གིས་ འདས་པའི་རིང་ལུ་ ཡར་རྒྱས་གོང་འཕེལ་དང་གྲུབ་འབྲས་ཐོན་མིའི་ཉམས་མྱོང་ཚུ་ལས་བརྟེན་ཏེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དམིགས་ཡུལ་གྲུབ་དགོཔ་དང་འཁྲིལ་ཏེ་ ད་ལས་ཕར་གནས་སྐབས་དང་རིག་པ་གསརཔ་བཏོན་ཏེ་ ང་བཅས་རའི་ཕུག་གི་མཐའ་དོན་ཚུ་གྲུབ་ཐབས་ལུ་གཙོ་བོ་བཏོན་ནིའི་གོ་སྐབས་བཟང་པོ་བྱིནམ་ཨིན་པས།

འཆར་གཞི་ ༡༡ པ བརྩམ་ནིའི་བྱ་རིམ་ནང་ལུ་ འབྲེལ་ཡོད་ཚུ་གིས་རྒྱ་ཆེ་དྲགས་སྦེ་བཅའ་མར་གཏོགས་ནིའི་དོན་ལས་ ལོ་ལྔའི་འཆར་གཞི་ ༡༡ པ་བརྩམ་ནིའི་ཕྱག་ལཱ་འདི་ སྤྱི་ལོ་ ༢༠༡༡ སྤྱི་ཟླ་ ༨ པ་ལས་ར་འགོ་བཙུགས་ཡོདཔ་ཨིན། འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་གྲོས་མང་རབས་གཅིག་འགོ་འདྲེན་འཐབ་པའི་ཤུལ་ལས་ ལོ་ལྔའི་འཆར་གཞི་ ༡༡ པའི་ཟིན་བྲིས་འདི་ སྤྱི་ལོ་ ༢༠༡༣ ཟླ་ ༨ པའི་ནང་ལུ་ ལྷན་རྒྱས་གཞུང་ཚོགས་གསརཔ་ལུ་སྤྱན་འབུལ་ཕུལ་ཡི། དེ་གི་ཤུལ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ཞལ་བཀོད་གནང་མི་ཚུ་འབྲེལ་མཐུན་བཟོ་འདི་ ལོ་ལྔའི་འཆར་གཞི་ ༡༡ པའི་མཐའན་མཇུག་ཟན་བྲིས་འདི་ སྤྱི་ལོ་ ༢༠༡༣ སྤྱི་ཟླ་ ༩ པའི་སྤྱི་ཚེས་ ༡༩ ལུ་ བཙག་འཐུ་ལས་གྲུབ་པའི་གཞུང་གཉིས་པའི་ ཚོགས་ཐེངས་ནང་ལུ་ མི་རྗེ་དངུལ་རྩིས་བློན་པོ་མཆོག་གིས་སྤྱན་འབུལ་ཕུལ་ཡི། འཆར་གཞི་འདི་ བཙག་འཐུ་ལས་གྲུབ་པའི་གཞུང་གིས་ཆ་འཇོག་མཛད་གནང་བའི་ཤུལ་ལས་ མ་དངུལ་འཚོལ་སྒྲུབ་ཀྱི་དོན་ལས་ སྤྱི་ལོ་ ༢༠༡༣ སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༡༡ དང་ ༡༢ ལུ་ གྲོགས་རམ་མཉམ་འབྲེལ་ཞལ་འཛོམས་ཐེངས་ ༡༢ པ་འདི་འགོ་འདྲེན་འཐབ་ཅི། ཆར་གཞི་ ༡༡ པའི་ལོ་ངོ་དང་པའི་ནང་ལུ་ རྒྱ་གར་གཞུང་གིས་གྲོགས་རམ་གནང་མིའི་ འཆར་གཞི་ ༡༠ པའི་ལས་སྣ་འབད་མ་ཚར་བར་ལུད་ཡོད་མི་ཚུ་གུར་གཙོ་བོ་བཏོན་ཡི། དེ་འབདཝ་ལས་བརྟེན་ཏེ་ ལོ་ལྔའི་འཆར་གཞི་ ༡༡ པའི་ལས་སྣ་ཚུ་ངོ་མ་ལག་ལེན་འཐབ་ནི་འདི་ ལོ་ངོ་གཉིས་པའི་ནང་ལུ་རྐྱངམ་ཅིག་འགོ་བཙུགས་ཚུགས་ཡི།

སྤྱི་ལོ་ ༢༠༡༥ སྤྱི་ཟླ་ ༨ པ་ལས་ སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༥ ཚུན་ གཞུང་ལྟེ་བའི་ལྷན་ཁག་ ༡༠ ས་གཞུང་གི་རྫོང་ཁག་ ༢༠ དང་ཁྲོམ་སྡེ་ ༤ ཆ་མཉམ་ནང་ དུས་ཕྱེད་བསྐྱར་ཞིབ་འགོ་འདྲེན་འཐབ་དི་གཙོ་བོ་ར་ ལོ་ལྔའི་འཆར་གཞི ༡༡ པའི་མཉམ་སྡེབ་གྲུབ་འབྲས་བསྡུ་སྒྲིག་འབད་ནིའི་དོན་ལས་ཨིན། ལོ་ལྔའི་འཆར་གཞི ༡༡ པའི་དུས་ཕྱེད་བསྐྱར་ཞིབ་འདི་ མི་རྗེ་བློན་ཆེན་མཆོག་གིས་དབུ་ཁྲིད་མཛད་གནང་ཡི། དུས་ཕྱེད་བསྐྱར་ཞིབ་འདི་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་འཐུས་མི་ ས་གནས་གཞུང་གི་མི་སྡེ་འགོ་ཁྲིདཔ་ཚུ་དང་འབྲེལ་ཡོད་ལས་སྡེ་ཁག་གི་འགོ་དཔོན་ཚུ་གིས་ཡང་འབྲེལ་གཏོགས་མཛད་གནང་ཡི།

དུས་ཕྱེད་བསྐྱར་ཞིབ་ཀྱི་དམིགས་ཡུལ་ངོ་མ་ར་ ལོ་ལྔའི་འཆར་གཞི་ ༡༡ པའི་ ལས་རིམ་གྲུབ་འབྲས་ཚུ་བལྟ་ནི་ འཆར་གཞིའི་ལས་སྣ་ཚུ་ལག་ལེན་འཐབ་པའི་སྐབས་ལུ་གདོང་ལེན་འབྱུ་མི་ཚུ་གྲོས་བསྟུན་འབད་དེ་སེལ་ནི་དང་ དེ་ལས་གྲོས་བསྟུད་འབད་དགོཔ་ཚུ་རྒྱབ་སྣོན་འབད་ནི་ཚུ་ཨིན། འདས་པའི་ལོ་ལྔའི་འཆར་གཞིའི་དུས་ཕྱེན་བསྐྱར་ཞིབ་བཟུམ་མིན་པར་ ལོ་ལྔའི་འཆར་གཞི་ ༡༡ པའི་དུས་ཕྱེད་བསྐྱར་ཞིབ་འདི་ རྫོང་ཁག་དང་ལས་སྡེའི་གྲུབ་འབྲས་བརྡ་སྟོན་གཙོ་ཅན་བརྒྱུད་དེ་དབྱེ་ཞིབ་འབད་མི་དང་འཁྲིལ་ཏེ་ རྫོང་ཁག་དང་ལས་སྡེའི་གྲུབ་འབྲས་གཙོ་ཅན་ཚུ་ལུ་གཙོ་བོ་བཏོན་ནི་ཨིན། དེ་མ་ཚད་ ལོ་ལྔའི་འཆར་གཞི་ ༡༡ པའི་དུས་ཕྱེད་བསྐྱར་ཞིབ་སྐབས་ ལས་སྣ་ཚུ་ལག་ལེན་འཐབ་མི་ལས་སྡེ་ཚུ་གིས་ མ་དངུལ་གྱི་གྲུ་འབྲས་ཡང་བསྐྱར་ཞིབ་འབད་ནི་ཨིན།

  • འཆར་གཞི་ ༡༡ པའི་བར་མཚམས་བསྐྱར་ཞིབ་ཀྱི་སྙན་ཞུ། (༢༠༡༣ – ༢༠༡༨) – ཕབ་ལེན།

Leave a Reply

Your email address will not be published. Required fields are marked *