རྫོང་ཁག་དང་ཁྲོམ་སྡེའི་འཆར་གཞི་འགོ་དཔོན་ཚུ་གིས་གྲོས་འཛོམས།

ས་གནས་གཞུང་དང་ལོ་ལྔའི་འཆར་གཞི་ ༡༢ པ་ལག་ལེན་འཐབ་ཐངས་སྐོར་གྲོས་བསྟུན་འབད་ནིའི་དོན་ལུ་ ད་རེས་ནངས་པ་ ས་གནས་ཕུན་ཚོགས་གླིང་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་འགོ་འདྲེན་འཐབ་ཡོད་པའི་ཉིན་གྲངས་ ༣ གྱི་རིང་ལུ་གྲོས་འཛོམས་ནང་ལུ་ རྫོང་ཁག་དང་ཁྲོམ་སྡེའི་འཆར་གཞི་འགོ་དཔོན་ཚུ་གིས་བཅའ་མར་གཏོགས་ཏེ་ཡོད། གྲོས་འཛོམས་ནང་ལུ་ དམིགས་བསལ་དུ་ གྲུབ་འབྲས་ལུ་གཞི་བཞག་གི་དགོངས་དོན་ཚུ་གུར་གྲོས་བསྟུན་འབད་དེ་ འཆར་གཞི་ ༡༢ པའི་ལས་རིམ་ཚུ་འཕྲོ་མཐུད་དེ་ལག་ལེན་འཐབ་ཐབས་དང་ རྩིས་ལོ་ ༢༠༢༠-༢༠༢༡ གི་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་གན་ཡིག་འདི་དུས་མཐུན་བཟོ་འདི་ རང་རྐྱང་གི་ལས་འཆར་ཚུ་གྲ་སྒྲིག་འབད་ནི་ཨིན་མི་འདི་ཡང་ ས་གནས་གཞུང་ཚུ་གིས་འཆར་གཞི་འདི་དཀའ་ངལ་མེད་པར་འཇམ་ཏོང་ཏོ་འབད་ལག་ལེན་འཐབ་ཚུགས་ནིའི་ཐབས་ཤེས་ངོ་མ་ཅིག་ཨིནམ་ལས་བརྟེན་ཏེ་ཨིན། ལོ་ལྔའི་འཆར་གཞི་ ༡༢ པ་ བརྩམ་ནི་དང་ལག་ལེན་འཐབ་ནིའི་ནང་ལུ་ མཉམ་འབྲེལ་ མཉམ་སྡེབ་དང་མཉམ་རུབ་གསུམ་གྱི་གཞི་རྩ་འདི་ཡང་བསྐྱར་དུ་ཞུ་དགོ་མི་འདི་ཡང་ འཆར་གཞི་ ༡༢ པའི་ནང་ལུ་ གྲུབ་འབྲས་འདི་སྦོམ་སྦེ་བཏོན་ཚུགས་ནིའི་དོན་ལས་ གཞི་རྩ་འདི་གལ་ཆེཝ་ལས་བརྟེན་ཏེ་ཨིན།

གྲོས་འཛོམས་སྐབས་ལུ་ རྫོང་ཁག་དང་ཁྲོམ་སྡེའི་འཆར་གཞི་འགོ་དཔོན་ཚུ་གི་ལཱ་འགན་དང་འགན་ཁུར་ ས་གནས་གཞུང་གི་གོང་འཁོད་ལཱ་འགན་ཚུ་ལག་ལེན་འཐབ་ཐངས་ཚུ་གི་སྐོར་ལས་གྲོས་བསྡུར་འབད་ནི་ཨིན། འཆར་གཞི་འགོ་དཔོན་ཚུ་མཉམ་འབྲེལ་ཐོག་ལས་ ས་གནས་གཞུང་གིས་ ལས་རིམ་དང་ལས་འགུལ་ཚུ་ལག་ལེན་འཐབ་ད་ལུ་ དཀའ་ངལ་དང་གདོང་ལེན་ཚུ་ག་ཅི་བཟུམ་ཅིག་འབྱུང་དོ་ཡོདཔ་ཨིན་ནའི་སྐོར་ལས་སྤྱན་འབུལ་གསལ་ཞུ་ཡང་ཕུལ་དགོཔ་འོང་། གྲོས་འཛོམས་ནང་ལུ་ རྫོང་ཁག་དང་ཁྲོམ་སྡེ་དག་པ་ཅིག་ནང་ལས་ ཞིབ་རོགས་ལས་འགུལ་བལྟ་རྟོགས་དང་འགོ་འདྲེན་འགོ་དཔོན་ཚུ་གིས་ཡང་བཅའ་མར་གཏོགས་ཏེ་ཡོད་མི་འདི་ཡང་ ཧཱ་ བཀྲ་ཤིས་གཡང་རྩེ་ རྩི་རང་རྫོང་ཁག་དང་ཕུན་ཚོགས་གླིང་ཁྲོམ་སྡེ་ཚུ་ལས་ཨིན།

གྲོས་འཛོམས་ནང་ལུ་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་གན་ཡིག་དང་རང་རྐྱང་གི་ལས་འཆར་གུར་སྲིད་བྱུས་ཀྱི་འགྱུར་བཅོས་ཚུ་ག་ཅི་བཟུམ་ཅིག་ཡོད་མེད་ཀྱི་སྐོར་ལས་ དོགས་པ་ཚུ་སེལ་ཏེ་བརྡ་དོན་ཚུ་སྤྲོད་ཐབས་ཀྱི་དོན་ལས་ གསལ་ཞུ་ཚུ་ཕུལ་ཐབས་ལུ་ གཞུང་སྐྱོང་མཆོག་འགྱུར་གྱི་ཡིག་ཚང་དང་རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ནང་ལས་ འགོ་དཔོན་ཚུ་ཡང་གདན་འདྲེན་ཞུ་ཡི།

གྲོས་འཛོམས་འདི་ཡང་ ས་གནས་ཕུན་ཚོགས་གླིང་ བཀྲ་ཤིས་རྣམ་རྒྱས་བཟའ་ཁང་ནང་ལུ་སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༢ པའི་སྤྱི་ཚེས་ ༣ ལས ༥ ཚུན་ཉིན་གྲངས་ ༣ གྱི་རིང་འགོ་འདྲེན་འཐབ་ནི་ཨིན།

Leave a Reply

Your email address will not be published. Required fields are marked *