དུས་རབས་ ༢༡ པའི་སྐབས་ཀྱི་ དཔལ་འབྱོར་གོང་འཕེལ་གྱི་ཐབས་ལམ།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་ ༢༠༡༩ སྤྱི་ཟླ ༡༢ པའི་སྤྱི་ཚེས་ ༡༧ ལུ་ རྒྱལ་ཡོངས་དུས་ཆེན་ཐེངས་ ༡༡༢ པའི་སྐབས་ལུ་གནང་ཡོད་པའི་གསུངས་བཤད་ཀྱི་བཅུད་དོན་གཙོ་བོ་ར་ མ་འོངས་པའི་བུ་བརྒྱུད་ཚུ་གིས་དོན་ལུ་ དཔལ་འབྱོར་གྱི་གོ་སྐབས་ཚུ་བཟོ་ནིའི་དོན་ལས་ དུས་རབས་ ༢༡ པའི་སྐབས་ཀྱི་ དཔལ་འབྱོར་གོང་འཕེལ་གྱི་ཐབས་ལམ་གསལ་ཏོག་ཏོ་ཅིག་དགོཔ་ཁག་ཆེ་ཤོས་ཅིག་ཨིན་ཟེར་གསུང་གནང་མི་འདི་ཨིན། དེ་ལས་བརྟེན་ཏེ་ མི་དབང་མངའ་བདག་རིན་པོ་མཆོག་སྐུ་འཁྲུངས་ཏེ་ དགུངས་ལོ་ ༤༠ བཞེས་པའི་འཁྲུངས་སྐར་དུས་སྟོན་རྩིས་སྲུང་ཞུ་ནི་དང་འབྲེལ་ མི་རྗེ་བློན་ཆེན་གྱིས་ དུས་རབས་ ༢༡ པའི་སྐབས་ཀྱི་ དཔལ་འབྱོར་གོང་འཕེལ་གྱི་ཐབས་ལམ་ཅིག་ དུས་ཅི་གི་ལོ་ནང་འཁོད་ལུ་ར་བརྩམ་ནི་ཨིན་ཟེར་ རྒྱལ་ཡོངས་ལུ་གསུངས་གནང་ཡི།

དུས་རབས་ ༢༡ པའི་སྐབས་ཀྱི་ དཔལ་འབྱོར་གོང་འཕེལ་གྱི་ཐབས་ལམ་འདི་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དོན་ལུ་ མ་འོངས་ལོ་ངོ་བཅུ་ཕྲག་གི་རིང་ལུ་ལམ་སྟོན་འབད་ཚུགས་པའི་རེ་བ་ཡོད། དཔལ་འབྱོར་གོང་འཕེལ་གྱི་ཐབས་ལམ་འདི་ འབྲུག་རྒྱལ་ཁབ་ཀྱི་དམིགས་གཏད་ཅན་གྱི་ ཕུག་གི་རྒྱལ་ཡོངས་མི་དམངས་ཡིག་ཆ་ཅིག་ཨིན་མི་འདི་གིས་ རྒྱལ་ཁབ་ཀྱི་སྤྱི་མཐུན་ལུ་ངོས་ལེན་ཡོད་པའི་དཔལ་འབྱོར་གོང་འཕེལ་གྱི་ལམ་ཕྱོགས་སྟོན་ནི་དང་ དུས་ཐུང་དང་དུས་ཡུན་བར་མའི་འཆར་གཞི་ ལས་རིམ་དང་སྲིད་བྱུས་ཚུ་ལུ་ལམ་སྟོན་འབད་ཚུགས་ནི་ཨིན།

དུས་རབས་ ༢༡ པའི་སྐབས་ཀྱི་ དཔལ་འབྱོར་གོང་འཕེལ་གྱི་ཐབས་ལམ་གྱི་ཡོངས་འབྲེལ་འཆར་སྒོ་དང་མི་སྡེ་བརྡ་བརྒྱུད་ཀྱི་ལས་རིམ་ཅིག་ སྤྱི་ཚེས་ ༢༣/༠༢/༢༠༢༠ ལུ་གཞུང་འབྲེལ་དུ་འགོ་འབྱེད་མཛད་གནང་ཡི། ཡོངས་འབྲེལ་འཆར་སྒོ་འགོ་འབྱེད་རྟེན་འབྲེལ་མཛད་སྒོའི་དོན་ལས་ སྐུ་མགྲོན་གཙོ་བོ་སྦེ་ མི་རྗེ་བློན་ཆེན་ཌག་ཀྲར་བློ་གྲོས་ཚེ་རིང་མཆོག་བྱོན་གནང་ཡི། དེ་སྦེ་ཡོངས་འབྲེལ་འཆར་སྒོ་འགོ་འབྱེད་མཛད་འདི་ མི་སྡེ་བརྡ་བརྒྱུད་གྱི་ལས་རིམ་བཟོ་དགོ་མིའི་གནད་དོན་གཙོ་ཅོ་ར་ དུས་རབས་ ༢༡ པའི་སྐབས་ཀྱི་ དཔལ་འབྱོར་གོང་འཕེལ་གྱི་ཐབས་ལམ་སྐོར་ལས་ ཤེས་རྟོགས་འབྱུང་འདི་བདག་དབང་ཡར་དྲགས་བཏང་ནི་ལུ་དམིགས་ཏེ་ཨིན། ལས་རིམ་འདི་གིས་ མི་དམངས་དང་དམིགས་བསལ་དུ་ ན་གཞོན་ཚུ་གིས་དཔལ་འབྱོར་གོང་འཕེལ་ཐབས་ལམ་བརྩམ་ནིའི་ནང་ལུ་གྲལ་གཏོགས་འབད་དེ་ ཐབས་ཤེས་གནས་སྐབས་ བསམ་འཆར་དང་གྲོས་འདེབས་ཚུ་བྱིན་ནི་ལུ་ཁེ་ཕན་འབྱུང་འོང་། འདི་གིས་འབྲུག་རྒྱལ་ཁབ་ཀྱི་ལམ་ཕྱོགས་ག་ཅི་བཟུམ་ཅིག་ལུ་ལྷོད་དགོཔ་ཨིན་ནའི་སྐོར་ལས་ཧ་དགོ་ཚུགས་ནི་ལུ་ཡང་ཕན་ཐོགས་འབྱུང་ནི་དང་ དཔལ་འབྱོར་གོང་འཕེལ་གྱི་ཐབས་ལམ་འདི་བདག་དབང་གི་ཐབས་ལམ་ཨིན་ཟེར་བའི་འཚོར་སྣང་སེམས་ཀྱི་གདིང་ལས་འསྐྱེད་བཅུག་ནི་དང་ རྒྱལ་ཁབ་ཡར་རྒྱས་གོང་འཕེལ་ཀྱི་མཐའ་དོན་ལས་ཨིནམ་ལས་ ཐབས་ལམ་བརྩམ་ནི་འདི་ མི་ངོ་རྐྱང་ལུ་ཡང་འགན་ཁུར་ཕོགཔ་ཨིན་ཟེར་བློ་སྟོབས་བསྐྱེད་བཅུག་ནི་ལུ་ཡང་ཕན་ཐོགས་འབྱུང་འོང་།

དུས་རབས་ ༢༡ པའི་སྐབས་ཀྱི་ དཔལ་འབྱོར་གོང་འཕེལ་གྱི་ཐབས་ལམ་བརྩམ་ནིའི་ཕྱག་ལཱ་འདི་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༢ ནང་ལས་འགོ་བཙུགས་ནི་དང་ པྱི་ལོ་ ༢༠༢༠ སྤྱི་ཟླ་ ༡༢ པ་ལུ་མཇུག་བསྡུ་འདི་ སྤྱི་ལོ་༢༠༢༡ སྤྱི་ཟླ་ ༢ པའི་སྤྱི་ཚེས་ ༢༡ ལུ་གསར་བཏོན་འགོ་འབྱེད་མཛད་ཚུགས་པའི་རེ་བ་ཡོད། འབྲེལ་བ་གཏོགས་མཛད་ནིའི་དོན་ལས་ གཤམ་འཁོད་ཡོངས་འབྲེལ་ཁ་བྱང་གཟིག་གནང་།

http://www.economicroadmap.gnhc.gov.bt

Leave a Reply

Your email address will not be published. Required fields are marked *