འབྲུག་རྒྱལ་ཁབ་ནང་ལུ་ བཟོ་སྐྲུན་ལས་སྡེའི་ནང་ སླར་འབྱུང་ནུས་ཤུགས་དང་ནུས་ཤུགས་འཕྲུལ་རིག་ཡར་དྲགས་བཏང་ནིའི་དོན་ལུ་ ཨཱས་ཊི་ཡ་གི་ཡུ་རོ་ས་ཡ་ ༡.༡ (དངུལ་ཀྲམ་ས་ཡ་ ༩༣) ཁས་ལེན་འབད་ཡི།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ ངོམ་ འཕྲིན་ལས་རྣམ་རྒྱལ་དང་ ཐིམ་ཕུག་ལུ་ཡོད་པའི་ ཨཱས་ཊི་ཡཱན་གོང་ཡིག་ཚང་གི་འགོ་འཛིན་ མཁས་དབང་ ཇཱོན་ བིན་གྲར་ གཉིས་ཀྱི་བར་ན་ སྤྱི་ཚེས་ ༡༦/༠༧/༢༠༢༠ ལུ་ བཀྲ་ཤིས་ཆོས་རྫོང་ནང་ལུ་ ཡུ་རོ་ ༡.༡ དངུལ་ཀྲམ་ས་ཡ་ ༩༣ འབྲུག་རྒྱལ་ཁབ་ནང་ལུ་ བཟོ་སྐྲུན་ལས་སྡེའི་ནང་ སླར་སྤྱོད་ནུས་ཤུགས་དང་ནུས་ཤུགས་འཕྲུལ་རིག་ཡར་དྲགས་བཏང་ནིའི་དོན་ལུ་གན་ཡིག་གུར་མཚན་རྟགས་བཀོད་གནང་ཡི།

རྒྱབ་སྐྱོར་འདི་གིསབཟོ་བསྐྲུན་ལས་སྡེ་ནང་ ནུས་ཤུགས་ཐབས་ལམ་གཞི་བཙུགས་བརྒྱུད་དེ་ འབྲུག་རྒྱལ་ཁབ་ནང་ལུ་མ་འོངས་པའི་མཐའ་དོན་གྱི་སླར་སྤྱོད་ནུས་ཤུགས་ཀྱི་གདམ་ཁ་མང་ཤོས་བཟོ་ཚུགས་པའི་ཁར་ནུས་ཤུགས་གསོག་འཇོག་འབད་ཐབས་ལུ་ཡང་ཁེ་ཕན་འབྱུང་ཚུགསཔ་ཨིན།

དེ་བཟུམ་སྦེ་ར་ ལས་འགུལ་འདི་གིས་ གཙུགས་སྡེའི་རང་བཞིན་སླར་འབྱུང་ནུས་ཤུགས་དང་བཟོ་རིགས་ཞབས་ཏོག་ཚུའི་ལྕོགས་གྲུབ་སྒྲིང་སྒྲིང་བཟོ་འདི་ ད་ལྟོ་ཡོད་པའི་བཟོ་བསྐྲུན་ལས་སྡེ་ནང་ནུས་ཤུགས་ཀྱི་ཐབས་ལམ་གུར་ ཉིན་དྲོད་ལས་བརྟེན་པའི་ཆུ་དྲོད་བཏགས་ནིའི་རིམ་ལུགས་དང་ འཇོན་ཐངས་ཅན་གྱི་རང་བཞིན་གྱི་ནུས་ཤུགས་ལག་ལེན་འཐབ་ནི་ལུ་ཡང་ཁེ་ཕན་འབྱུང་ཚུགསཔ་ཨིན། རྒྱབ་སྐྱོར་དང་གྲོགས་རམ་དེ་ལས་བརྟེན་ སྡོད་ཁྱིམ་གུང་གྲངས་ ༡༠ ཚོང་ལས་ཁང་ ༡༠ དེམ་ཅིག་ལུ་ཁྱིམ་ཐོག་བཀབ་བྱིན་ནི་དང་ བཙུགས་སྡེ་ ༢༥ ལུ་ ཉིན་དྲོད་ལས་བརྟེན་པའི་ཆུ་དྲོད་བཏགས་ནིའི་རིམ་ལུགས་བཙུགས་བྱིན་ནི་ཨིན།

མི་མང་གི་སྒྲིང་ཁྱིམ་གཅིག་ནང་ལུ་ འཇོན་ཐངས་ཅན་གྱི་ནུས་ཤུགས་ཀྱི་ཐབས་ལམ་གཞི་བཙུགས་འབད་ནི། ལག་བཟོཔ་ ཆུ་དུང་བཅོ་མི་ པག་ཅུ་རྩིག་མི་ རྡོ་བཟོཔ་ ཤིང་བཟོཔ་དང་ ཤེལ་སྒྲིག་མི་ ཤེལ་བཏོགས་མི་དང་བརྩི་སའི་ལཱ་འབད་མི་ཚུ་གྲལ་གཏོགས་འབད་བཅུག་སྟེ་ ལས་འགུལ་འདི་གིས་ འབྲུག་པའི་ལས་མི་ཚུ་ལག་རྩལ་ཅན་བཟོ་འདི་ ཉིན་དྲོད་ལས་བརྟེན་པའི་ཆུ་དྲོད་བཏགས་ནིའི་རིམ་ལུགས་གཞི་བཙུགས་འབད་དང་ཉམས་བཅོས་འབད་དེ་ འཇོན་ཐངས་ཅན་གྱི་ནུས་ཤུགས་བཏོན་ཚུགས་པའི་རྒྱུ་ཆ་ལག་ལེན་འཐབ་བཅུག་ནི་ཨིན།

ཇཱོན་བིན་ངྷར་གྱིས་འབད་བ་ཅིན་ ལས་འགུལ་འདི་གིས་དམིགས་ཡུལ་ངོ་མ་ར་ ཕུགས་ལུ་ མི་མང་དང་སྒེར་སྡེ་ཚུ་ནང་ སླར་སྤྱོད་ནུས་ཤུགས་འཐོན་ཁུངས་ཀྱི་གདམ་ཁ་མང་སུ་ཐོབ་ཐབས་དང་ནུས་ཤུགས་འདི་ཡང་གསོག་འཇོག་འབད་ཚུགསཔ་མ་ཚད་ ཁྱིམ་གུང་གི་གནས་ཚད་ནང་ལུ་ བདེ་སྐྱིད་དང་གསོ་བའི་འཕྲོད་བསྟེན་ཚུ་ཡང་ཡར་དྲགས་བཏང་ཚུགས་ནི་ དེ་ལས་མི་དམངས་བདག་སྐྱོང་ཁང་དང་བཟའ་ཁང་ཚུ་ནང་ལུ་ཡང་ནུས་ཤུགས་དང་འབྲེལ་བའི་རྒྱུ་ཆ་ཚུ་སྤུས་ཚད་ཅན་ལག་ལེན་འཐབ་ཐབས་ལུ་གཙོ་བོ་བཏོན་ནི་ཨིན་ཟེར་བཤདཔ་ཨིན་པས། ཐབས་ལམ་གསརཔ་འདི་ཡང་འབྲུག་རྒྱལ་ཁབ་ནང་ལུ་ ས་དབྱིབས་མ་འདྲཝ་ཡོད་མིའི་ས་ཁོངས་ཚུ་ནང་ལུ་ལག་ལེན་འཐབ་ནི་ཨིན། དེ་འབདཝ་ལས་བརྟེན་ཏེ་ སྲིད་བྱུས་ལེགས་ཤོམ་བཟོ་སྟེ་ལག་ལེན་དང་རྒྱུན་སྐྱོང་གི་དོན་ལུ་ མི་དམངས་དང་སྒེར་སྡེ་ཚུ་གིས་བར་ན་མཉམ་འབྲེལ་ལེགས་ཤོམ་བཟོ་དགོཔ་འདི་ག་ནི་བ་ཁག་ཆེ་ཤོས་ཨིན།

རྒྱབ་སྐྱོར་འདི་ཡང་སྔོན་མའི་འཕྲོ་མཐུད་དེ་འབད་དོ་ཡོདཔ་ཨིན་མི་འདི་གིས་ ཉིན་དྲོད་ནུས་ཤུགས་ལག་ལེན་འཐབ་ཐོག་ལས་ སྡོད་ཁྱིམ་ནང་གི་ ནུས་ཤུགས་ཀྱི་གྲུབ་འབྲས་ཡར་དྲགས་བཏང་ཐབས་ཀྱི་དོན་ལས་ཨིན།

Leave a Reply

Your email address will not be published. Required fields are marked *