གཞུང་ལྟེ་བ་གི་ལོ་ལྔ་འཆར་གཞི་ ༡༢ པའི་བར་མཚམས་བསྐྱར་ཞིབ།

གཞུང་ལྟེ་བའི་ལྷན་ཁག་དང་ལས་སྡེ་ཁག་གིས་ ལོ་ལྔ་འཆར་གཞི་ ༡༢ པའི་བར་མཚམས་བསྐྱར་ཞིབ་འདི་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༤ པའི་སྤྱི་ཚེས་ ༡༥ ལས་ ༢༦ ཚུན་ ས་གནས་ཐིམ་ཕུག་ བཞི་ཆེན་ཁར་ལུ་འགོ་བཙུགས་ཡི། ཞལ་འཛོམས་འདི་ཡང་ མི་རྗེ་བློན་ཆེན་མཆོག་གིས་དབུ་ཁྲིད་མཛད་ཡོདཔ་དང་ གྲལ་གཏོགས་འབད་མི་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་ དམིགས་བསལ་གྱི་མགོནམ་ དྲགོས་ཀརྨ་ཨུ་ར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ལྷན་འཛིན་ཚུ་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ དངུལ་རྩིས་ལྷན་ཁག་ བློང་ཆེན་ཡིག་ཚང་གི་འགོ་དཔོན་ ལས་སྡེ་རང་སོའི་འགོ་དཔོན་གོངམ་དང་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལས་འགོ་དཔོན་ཚུ་གིས་བཅའ་མར་གཏོགས་ཡི།

བར་མཚམས་བསྐྱར་ཞིབ་སྐབས་ལུ་ འདས་པའི་ལོ་ངོ་གཉིས་དང་ཕྱེད་ཀྱི་ ལོ་ལྔ་འཆར་གཞི་ ༡༢ པའི་ ལས་རིམ་དང་ལས་སྣ་ཚུའི་གྲུབ་འབྲས་དང་ ལས་རིམ་དང་ལས་སྣ་གསརཔ་དུས་མཐུན་བཟོ་སྟེ་ ལས་རིམ་དང་ལས་སྣ་ཚུ་ལག་ལེན་འཐབ་ད་ལུ་ དཀའ་ངལ་དང་གདོང་ལེན་ཚུ་འབྱུང་མི་གུར་གྲོས་བསྡུར་མཛད་གནང་ཡི།

བར་མཚམས་བསྐྱར་ཞིབ་སྐབས་ལུ་ ལས་སྡེ་ཚུ་གིས་ འཆར་གཞིའི་དམིགས་གཏད་འདི་མར་ཕབ་འབད་ནི་དང་བསྐྱར་ཞིབ་འབད་ནི་མེན་པར་ གྲུབ་འབྲས་ཀྱི་བརྡ་སྟོན་གཙོ་ཅན་ཚུ་གུར་གཙོ་བོ་བཏོན་དགོཔ་སྦེ་གསུངས་གནང་ཡི། ནད་ཡམས་ཀོ་ཝིད་ ༡༩ གི་གནས་སྟངས་གཞི་བཞག་སྟེ་ ལཱ་གཡོག་བཟོ་ནི་དང་དཔལ་འབྱོར་གོང་འཕེལ་དང་འབྲེལ་བའི་ལས་སྣ་ཚུ་ལུ་གཙོ་རིམ་བཟོ་ནི་ལུ་གཙོ་བོ་བཏོན་དགོཔ་དང་ གཙོ་རིམ་མིན་པའི་ལས་སྣ་ སྦྱོང་བརྡར་ གྲོས་འཛོམས་ གོ་བསྡུར་ཞལ་འཛོམས་དང་ཁ་གསལ་ལས་འགུལ་སྙན་ཞུ་ ཡང་ན་དབྱེ་ཞིབ་འབད་ནི་ཚུ་ལུ་གཙོ་བོ་མ་བཏོན་པར་བཞག་དགོཔ་སྦེ་གསུངས་ཡི། གཞུང་ལྟེ་བའི་ལས་སྡེ་ཚུའི་འཆར་དངུལ་འདི་ཧ་ལམ་ འཐེར་འབུམ་ ༡༠ དེ་ཅིག་གི་ཡར་སེང་འགྱོ་ནི་ཨིན་པའི་རེ་བ་བསྐྱེད་མི་འདི་གནད་དོན་གཙོ་བོ་ར་ ཀོ་ཝིད་ ༡༩ དང་འབྲེལ་བའི་ལས་རིམ་དང་སྣ་ཚུ་བརྟེན་འགྱོ་ནི་ཨིན་པས། ཨིན་རུང་ དངུལ་རྩིས་ཆད་འདི་མར་ཕབ་འབད་ཐབས་ལུ་ གསར་སྒྲུབ་མ་དངུལ་འདི་ ཐབས་ཤེས་ག་དེ་དྲག་དྲགས་བཏོན་ཏེ་ འཐེར་འབུམ་ ༥༠ ནང་འཁོད་བཞག་ནི་ལུ་བརྩོན་ཤུགས་བསྐྱེད་ནི་ཨིན་པས།

རྫོང་ཁག་ཁལ་གཅིག་དང་ཁྲོམ་སྡེ་ ༤ གི་ ལོ་ལྔའི་འཆར་གཞི་ ༡༢ པའི་བར་མཚམས་བསྐྱར་ཞིབ་འདི་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༥ པའི་ནང་ལུ་འགོ་འདྲེན་འཐབ་ནི་ཨིན།

Leave a Reply

Your email address will not be published. Required fields are marked *