སྤྱི་ཚེས་ ༢༨/༠༦/༢༠༢༡ རེས་གཟའ་ མིག་དམར་ལུ་ ལོ་ལྔའི་འཆར་གཞི་ ༡༢ པའི་གུར་ རྒྱ་འབྲུག་མཉམ་འབྲེལ་གོང་འཕེལ་ཞལ་འཛོམས་ཐེངས་ གསུམ་པ་འདི་ ཡོངས་འབྲེལ་ཐོག་ཚོགས་ཡོདཔ་ཨིན།
འབྲུག་གི་ཁ་ཐུག་ལས་ ཕྱི་འབྲེལ་ལྷན་ཁག་གི་དྲུང་ཆེན་ ཀུན་དགའ་སེངྒེ་གིས་འགོ་འཁྲིད་འབད་དེ་ཡོད་མི་ འཐུས་ཚབ་སྡེ་ཚན་ཚུ་ཡང་ དངུལ་རྩིས་ལྷན་ཁག་ ཞབས་ཏོག་ལྷན་ཁག་ ཤེས་རིག་ལྷན་ཁག་ ལཱ་གཡོག་ལྷན་ཁག་ གསོ་བའི་ལཧན་ཁག་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་ ནང་སྲིད་ལྷན་ཁག་ ཕྱི་འབྲེལ་ལྷན་ཁག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་ དེ་ལས་ ལྡིལ་ལི་ལུ་ཡོད་པའི་ རྒྱ་འབྲུག་སྐུ་ཚབ་ཡིག་ཚང་ལས་ ཆེ་མཐོའི་འགོ་དཔོན་ཚུ་ཡོདཔ་ཨིན།
རྒྱ་གར་གྱི་འཐུས་ཚབ་སྡེ་ཚན་འདི་ ཕྱི་འབྲེལ་མཐུན་འབྲེལ་ལྷན་ཁག་ དཔལ་འབྱོར་མཐུན་འབྲེལ་གྱི་ དྲུང་ཆེན་ ཨམ་ ཤྲི་ རཱ་ཧུལ་ ཆ་བྲཱ་གིས་འགོ་འཁྲིད་འབད་དེ་ འབྲུག་ལུ་རྒྱ་གར་གྱི་གནས་སྡོད་སྐུ་ཚབ་ཡིག་ཚང་གི་ སྐུ་ཚབ་ བྱང་ཕྱོགས་ཀྱི་ མཉམ་འབྲེལ་དྲུང་ཆེན་དང་ ཕྱི་འབྲེལ་མཐུན་འབྲེལ་ལྷན་ཁག་གི་ གཞན་འགོ་དོན་ཚུ་ཡོདཔ་ཨིན།
ཞལ་འཛོམས་སྐབས་ལུ་ འཐུས་ཚབ་སྡེ་ཚན་གཉིས་ཆའི་ཁ་ཐུག་ལས་ རྒྱ་གར་གཞུང་གིས་གྲོགས་རམ་འབད་དེ་ཡོད་པའི་ ལོ་ལྔའི་འཆར་གཞི་ ༡༢ པའི་ ལས་འགུལ་གྱི་གྲུབ་འབྲས་ཚུ་བསྐྱར་ཞིབ་མཛད་དེ་ ལས་འགུལ་གསརཔ་དག་པ་ཅིག་ཆ་འཇོག་འབད་ཡོདཔ་དང་ གཞན་ཡང་ཁྱབ་ནད་ཆེ་བའི་ ནད་ཡམས་ཀོ་ཝིད་ ༡༩ ལས་བརྟེན་ཏེ་ ལས་སྣ་སུ་ལག་ལེན་འཐབ་མ་ཚུགས་མི་ཚུ་ཡང་ ལོག་སྟེ་ར་གཙོ་རིམ་སྒྲིག་གནང་ནུག། ཞལ་འཛོམས་སྐབས་ལུ་ ལོ་ལྔའི་འཆར་གཞི་ ༡༢ པའི་ནང་ལུ་མིན་པའི་ གལ་གནད་ཆེ་བའི་ལས་འགུལ་གྱི་ལས་སྣ་ཚུ་ལག་ལེན་འཐབ་ཡོད་པའི་ གྲུབ་འབྲས་ཚུ་གིས་སྐོར་ལས་ཡང་གསུངས་གྲོས་གནང་ནུག།
འབྲུག་གཞུང་ཁ་ཐུག་ལས་ རྒྱ་གར་གཞུང་གི་མི་སེར་དང་རྒྱ་གར་གཞུང་ལུ་ ཁྱབ་ནད་ཆེ་བའི་ ནད་ཡམས་ཀོ་ཝིད་ ༡༩ ལས་བརྟེན་ཏེ་ འཚབས་ཆེན་གྱི་གནས་སྟངས་སྐབས་ལུ་ རྒྱ་གར་གཞུང་གིས་འབྲུག་ལུ་རྒྱབ་སྐྱོར་དང་མཉམ་འབྲེལ་གང་དྲགས་མཛད་གནང་མི་འདི་ལུ་ ངལ་རངས་དང་བཀའ་དྲིན་དགའ་འཚོར་ཕུལ་གནང་ཡི།
རྒྱ་འབྲུག་གཉིས་ཆ་རའི་ཁ་ཐུག་ལས་ སྤྱི་མཐུན་གྱིས་ཐོག་ལས་ ཤུལ་མའི་གོང་འཕེལ་མཉམ་འབྲེལ་ཞལ་འཛོམས་འདི་ སྟབས་བདེ་ཧིང་དང་འཁྲིལ་ཏེ་ ཐིམ་ཕུག་ལུ་སྦེ་ ཚོགས་ནི་ཨིནམ་སྦེ་ཞལ་འཆམ་བྱུང་ཡི།
ཞལ་འཛོམས་འདི་ཡང་ རྒྱ་འབྲུག་གཉིས་ཀྱིས་བར་ན་ མཐུན་འབྲེལ་དང་མཉམ་འབྲེལ་དམ་ཟབ་ཡོད་མི་འཁྲིལ་ཏེ་ མཛའ་མཐུན་ཅན་གྱི་ཐོག་ལུ་གནང་ཡོདཔ་ཨིན།