ས་གནས་གཞུང་གི་ལོ་ལྔའི་འཆར་ ༡༢ པའི་བར་མཚམས་བསྐྱར་ཞིབ་ཀྱི་མཇུག་བསྡུའི་ལས་རིམ། ༼ཨེམ་ཊི་ཨར༽

 མི་རྗེ་བློན་ཆེན་ ཌག་ཀྲར་བློ་གྲོས་ཚེ་རིང་མཆོག་གིས་དབུ་བཞུགས་ཐོགས་ལས་ ས་གནས་གཞུང་གི་ལོ་ལྔའི་འཆར་ ༡༢ པའི་བར་མཚམས་བསྐྱར་ཞིབ་ཀྱི་མཇུག་བསྡུའི་ལས་རིམ་འདི་ ད་རེས་དྲོ་པ་སྤྱི་ཟླ་ ༨ པའི་སྤྱི་ཚེས་ ༢ ལུ་འགོ་འདྲེན་འཐབ་ཅི།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ ས་གནས་གཞུང་གི་ལོ་ལྔའི་འཆར་གཞི་ ༡༢ པའི་བར་མཚམས་བསྐྱར་ཞིབ་འདི་ གློག་རིག་ཡོངས་འབྲེལ་ཐོག་ལས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༥ པའི་སྤྱི་ཚེས་ ༡༡ ལས་ ༢༡ ཚུན་འགོ་འདྲེན་འཐབ་ཡོདཔ་ཨིན།

ད་རེས་མཇུག་བསྡུའི་ལས་རིམ་སྐབས་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་མཆོག་གིས་ བར་མཚམས་བསྐྱར་ཞིབ་ཀྱི་ལཱ་གི་གྲུབ་འབྲས་འདི་སྤྱན་འབུལ་ཕུལ་ཡི། སྤྱན་འབུལ་ནང་ལུ་ ས་གནས་གཞུང་གིས་བསྐྱར་ཞིབ་ཞལ་འཛོམས་སྐབས་ལུ་ཕུལ་ཡོད་པའི་སྤྱི་བཏང་ལཱ་གི་གྲུབ་འབྲས་ དཀའ་ངལ་དང་གདོང་ལེན་ཚུའི་སྐོར་ལས་ཕུལ་གནང་ཡི། གྲོས་བསྟུན་སྐབས་ལུ་ངོ་མ་ར་ གྲུབ་འབྲས་ཀྱི་བརྡ་སྟོན་གཙོ་ཅན་ཚུ་འགྱུར་བཅོས་ ལོ་བསྟར་གྲོས་རམ་མ་དངུལ་ རྩིས་ལོ་ ༢༠༢༠ ལས་༢༠༢༡ དང་རྩིས་ལོ་ ༢༠༢༡ ལས་ ༢༠༢༢ ཀྱི་ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་གན་ཡིག་དང་ ཁྱབ་ནད་ཅན་གྱི་ནད་ཡམས་ལས་བརྟེན་ཏེ་ ལས་འགུལ་ཚུ་ལག་ལེན་འཐབ་ད་ལུ་གདོང་ཚུའི་སྐོར་ལས་གྲོས་བསྟུན་མཛད་གནང་ཡི།

ས་གནས་གཞུང་གིས་བཀོད་མི་ནང་ལུ་ དཀའ་ངལ་སྦོམ་ཤོས་འདི་ར་ བཟོ་སྐྲུན་ནང་ལུ་ལས་མི་དང་བཟོ་སྐྲུན་གྱི་ཅ་ཆས་ཚུ་མ་ལངས་མི་ མི་སྟོབས་ལངམ་སྦེ་མེདཔ་ དམིགས་བསལ་གྱི་སློབ་དཔོན་དང་ཁྱད་རིག་ཅན་གྱི་གསོ་བའི་ལས་བྱེདཔ་ཚུ་ལངམ་སྦེ་མེདཔ་ལས་བརྟེན་ འཚབས་ཆེན་མི་དམངས་ཞབས་ཏོག་ལུ་གནོད་པ་འབྱུང་དོ་ཡོདཔ་དང་ གཞུང་ལྟེ་བའི་ལས་སྡེ་ཚུ་དང་མཉམ་འབྲེལ་འབད་ནི་ལུ་གདོང་ལེན་དང་སྒེར་གྱི་ཁག་འབགཔ་ཚུ་དང་གཅིག་ཁར་དཀའ་ངལ་འབྱུང་དོ་ཡོདཔ་སྦེ་བཤད་ཅི།

ས་གནས་གཞུང་གིས་དཀའ་ངལ་དང་གདོང་ལེན་ཚུ་ཞུ་བ་ཕུལ་ཡོད་མི་ལུ་ ལམ་སྟོན་ཚུ་གནང་བའི་ཁར་ མི་རྗེ་བློན་ཆེན་མཆོག་གིས་ དཀའ་ངལ་དང་གདོང་ལེན་ཚུ་ཡོད་དེ་རང་འབད་རུང་ ལས་སྣ་མང་ཤོས་ཅིག་གྲུབ་འབྲས་བཏོན་ཚུགས་མི་འདི་ལུ་ ས་གནས་གཞུང་གི་འགོ་དཔོན་ཚུ་ལུ་ངལ་རངས་ཡོད་ཟེར་གསུངས་གནང་ཡི། ཁོ་གིས་ ས་གནས་གཞུང་གི་ རྒེད་འོག་ལུ་ཁོང་གིས་ལས་རིམ་དང་མ་རྩའི་དོན་ལུ་ ལོ་བསྟར་རྒེད་འོག་གི་མ་དངུལ་འདི་ག་དེམ་ཅིག་གལ་ཆེཝ་ཨིན་ན་གི་སྐོར་ལས་ལོག་ཅི་ར་གསུངས་གནང་ཡི།

མི་རྗེ་བློན་མཆོག་གིས་ རྒེད་འོག་གི་ལས་བྱེདཔ་ཚུ་ལུ་ མ་དངུལ་ཚད་ཅིག་ལས་མེདཔ་ལས་ འཇོན་ཐངས་ཅན་ འཕྲུལ་རིག་དང་ཐབས་ལམ་གསརཔ་ཚུ་འཕྲོ་མཐུད་དེ་ར་ལག་ལེན་འཐབ་དགོཔ་སྦེ་གསུངས་གནང་ཡི། ཡར་རྒྱས་གོང་འཕེལ་གྱི་ལས་སྣ་ཚུ་དང་དཀའ་ངལ་ཚུ་ལམ་ཤུལ་གུར་ཞག་ཐབས་ལུ་ དུས་རྒྱུན་གྱི་གྲོས་བསྟུན་གུར་ལུ་ མི་རྗེ་བློན་ཆེན་མཆོག་གིས་ཡོངས་འབྲེལ་ཐོག་ལུ་ ཟླ་རིམ་བཞིན་དུ་ ས་གནས་གཞུང་དང་ཅིག་ཁར་ཚར་རེ་ཕྱད་གནང་ནི་ཟེར་གསུངས་གནང་ཡི།

སོ་ནམ་བློན་པོ་ ཤེས་རིག་དྲུང་ཆེན་ ནང་སྲིད་ལྷན་ཁག་ ས་གནས་གཞུང་གི་ཡོངས་ཁྱབ་མདོ་ཆེན་དང་གསོ་བའི་ལྷན་ཁག་གི་ ཞབས་ཏོག་སྡེ་ཚན་ དེ་ལས་གཞུང་སྐྱོང་མཆོག་འགྱུར་འཛིན་སྐྱོང་སྡེ་ཚན་དང་དངུལ་རྩིས་ལྷན་ཁག་ལས་ངོ་ཚབ་ཚུ་གིས་ཡང་ཞལ་འཛོམས་ནང་ལུ་བཅའ་མར་གཏོགས་ཡི། དེ་དང་འབྲེལ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཡོངས་ཁྱབ་མདོ་ཆེན་ རྫོང་བདག་ རྫོང་རབ་ ཁྲོམ་དཔོན་ བཀོད་ཁྱབ་དྲུང་ཆེན་ རྫོང་ཁག་གི་ཁྲི་འཛིན་ རྒཔོ་དང་ལས་སྡེའི་འགོ་འཛིན་ཚུ་གིས་ཡང་ ཡོངས་འབྲེལ་ཐོག་ལས་ཞལ་འཛོམས་ནང་ལུ་བཅའ་མར་གཏོགས་ཡི།

Leave a Reply

Your email address will not be published. Required fields are marked *