གནས་ཚུལ་གསར་བཏོན།


སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༨ པའི་སྤྱི་ཚེ་ ༡༡ ལུ། ཐིམ་ཕུག། འབྲུག་གཞུང་དང་འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱིས་ འབྲུག་ལུ་ བལྟ་བཤལ་ལས་སྡེའི་སྐྱེ་སྡན་རིགས་སྣ་ ཉམས་སྲུང་འབད་ནི་ལུ་གཙོ་བོ་བཏོན་ནིའི་དོན་ལུ་ རྒྱལ་སྤྱི་རང་བཞིན་གནས་སྟངས་མཐུན་རྐྱེན་༼ཇི་ཨི་ཨེཕ༽ གྱི་མ་དངུལ་རྒྱབ་བསྐྱོར་ཐོག་ལས་ ཡུ་ཨེས་ཌོ་ལར་ས་ཡ་ ༤.༨༥༤ གནས་པའི་ལས་འགུལ་གུར་མཚན་རྟགས་བཀོད་གནང་ཡི། ལས་འགུལ་དེ་ཡང་ འབྲུག་བལྟ་བཤལ་ཚོགས་སྡེ་གིས་ ལོ་ལྔའི་འཆར་གཞི་ ༡༢ པའི་ནང་ལུ་ བལྟ་བཤལ་ལས་སྡེའི་ གཙོ་རིམ་ལས་རིམ་གྱི་ཆ་ཤས་ལས་རིམ་ཅིག་སྦེ་ལག་ལེན་འཐབ་ནི་ཨིན་པས།

ལས་འགུལ་འདི་གིས་ སྐྱེ་ལྡན་རིགས་སྣ་ཉམས་སྲུང་ཐོག་ལས་བལྟ་བཤལ་གོང་འཕེལ་བཏང་ཚུགསཔ་ཅིག་སྦེ་བཟོ་ནི་དང་ འབྲུག་རྒྱལ་ཁབ་འདི་ དཔེ་སྟོན་གྱི་སྐྱེ་གནས་སྟངས་ལྡན་བལྟ་བཤལ་ཅིག་སྦེ་བཟོ་ནིའི་དམིགས་ཡུལ་སྐྱེདཔ་ཨིན་པས། ལས་འགུལ་ འདི་ཡང སྐྱེ་ལྡན་རིགས་སྣའི་གནོད་པ་མར་ཕབ་འབད་ནི་དང་ ཡུན་བརྟན་མ་དངུལ་ཉམས་སྲུང་ དེ་ལས་ སྲུང་སྐྱོབས་ཀྱི་ས་ཁོངས་ནང་འཁོད་དང་ཕྱི་ཁར་སྡོད་མི་ མི་ཚུའི་འཚོ་བའི་མཐུན་རྐྱེན་དང་ ས་ཁོངས་གཅིག་ནང་གནས་པའི་མི་དང་རི་དྭགས་སེམས་ཚུའི་བར་ན་ལྷན་ཐབས་ལུ་ ཕུགས་ཀྱི་མཐའ་དོན་གྱི་དམིགས་གཏད་ཅིག་ཨིན།

འབྲུག་རྒྱལ་ཁབ་ཀྱིས་ཁྱབ་གནད་ཆེ་བའི་ནད་ཡམས་ཀོ་ཝིད-༡༩ འདི་ལེགས་ཤོམ་སྦེ་བཀག་འཛིན་འབད་དེ་ མི་མང་འཚབས་ཆེན་གྱི་དཀའ་ངལ་ཚུ་སེལ་ཡོད་རུང་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལས་སྡེ་གཙོ་བོ་ དཔྱེ་འབད་བ་ཅིན་བལྟ་བཤལ་ལས་སྡེ་ལུ་གདོང་ལེན་སྦོམ་བྱུང་ཡོདཔ་ཨིན། ལས་འགུལ་འདི་ཡང་ ཁྱབ་གནད་ཆེ་བའི་ནད་ཡམས་ཀྱིས་གནོད་པ་བྱུང་མི་ལས་ ལོག་སྟེ་ར་གནས་སྟངས་ལེགས་ཤོམ་འགྱོ་ཚུགས་པའི་གོ་སྐབས་དང་ ནང་འཁོད་བལྟ་བཤལ་ཡར་འཕར་ ལཱ་གཡོག་གི་གོ་སྐབས་དང་མི་སྡེའི་དཀའ་ངལ་ཚུ་ལས་བཟློག་ཐབས་དང་ རང་བཞིན་གནས་སྟངས་དང་འབྲེལ་བ་ཚུ་ཡར་འཕར་ལུ་དམིགས་ཏེ་བཟོ་བའི་ལས་འགུལ་ཅིག་ཨིན།

ལས་འགུལ་འདི་ཡང་ ལོ་ངོ་ལྔ་གིས་རིང་ལུ་འགོ་འདྲེན་འཐབ་ནི་ཨིནམ་དང་ ལས་འགུལ་འདི་གིས་ སྲུང་སྐྱོབ་ས་ཁོངས་གཉིས་ བུམ་སྡེ་གླིང་རི་དྭགས་སྲུང་སྐྱོབ་ས་ཁོངས་དང་ བསག་སྟེང་རི་དྭགས་སྲུང་སྐྱོབ་ས་ཁོངས་གཉིས་ཡང་ཚུད་དེ་ཡོདཔ་དང་ རྫོང་ཁག་ཚུ་ཡང་ ལྷུན་རྩེ་ མོང་སྒར་ བཀྲ་ཤིས་སྒང་ བཀྲ་ཤིས་གཡང་རྩེ་དང་གཞལམ་སྒང་རྩིས་ཏེ་ ཤར་ཕྱོགས་ཀྱི་རྗོང་ཁག་ལྔ་ཡང་ཚུད་དེ་ཡོདཔ་ཨིན། སྐྱེ་ལྡན་རིགས་སྣ་གི་ཕྱུག་པའི་སྲུང་སྐྱོབ་ས་ཁོངས་ནང་ལུ་ མི་དང་རི་དྭགས་སེམས་ཅན་གྱི་བར་ན་འབྱུང་བའི་ རྐྱེན་ངན་ཚུ་ཡང་དར་ཁྱབ་ཆེཝ་སྦེ་ར་ཡོདཔ་ལས་ སྐྱེ་ལྡན་གནས་སྟངས་བལྟ་བཤལ་འདི་ ད་ལས་ཕར་ཕན་ཚུན་ཁེ་ཕན་དང་བདེ་སྒྲིག་གི་འཛིན་སྐྱོང་བརྒྱུད་དེ་ ཕུགས་ཀྱི་དོན་ལུ་ཉམས་སྲུང་གི་ཐབས་ལམ་ཅིག་སྦེ་ལག་ལེན་འཐབ་ནི་ཨིན།

འགུལ་འདི་གིས་ཡང་ རྒྱལ་ཡོངས་སྲིད་བྱུས་གནས་སྟངས་དང་གཙུགས་སྡེའི་མཉམ་འབྲེལ་ ཡུན་བརྟན་གྱི་མ་དངུལ་ ཐབས་ཤེས་གསརཔ་དང་ སྐྱེལ་ལྡན་གནས་སྟངས་བལྟ་བཤལ་དང་འབྲེལ་བའི་འཐོན་སྐྱེད་མ་འདྲཝ་ཚུ་བརྒྱུད་དེ་ སྐྱེ་ལྡན་གནས་སྟངས་བལྟ་བཤལ་དང་འབྲེལ་བའི་དཀའ་ངལ་ཚུ་ཡང་སེལ་ཚུགས་ནི་ཨིན་པས། དེ་གིས་ ས་གནས་ཀྱི་མི་སྡེའི་གྲལ་གཏོགས་ ཤེས་ཡོན་དང་ལྕོགས་གྲུབ་ སྐྱེ་ལྡན་གནས་སྟངས་བལྟ་བཤལ་གྱི་བརྩི་མཐོང་དང་ལག་ལེན་ལེགས་ཤོམ་སྦེ་འཐབ་ནི་འདི་ཡང་གཅིག་མཐུན་བཟོ་ཚུགས་ནི་ཨིན་པས།

མཚན་རྟགས་བཀོད་གནང་བའི་སྐབས་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་གྱིས་ འབྲུག་བལྟ་བཤལ་ཚོགས་སྡེ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་དང་རྒྱལ་སྤྱི་རང་བཞིན་གནས་སྟངས་མཐུན་རྐྱེན་ལུ་ ཁྱབ་གནད་ཆེ་བའི་ནད་ཡམས་དང་རང་བཞིན་གནས་སྟངས་ཀྱི་དཀའ་ངལ་ཡོད་རུང་ ལས་འགུལ་འདི་མཐར་འཁྱོལ་ཅན་ཅིག་སྦེ་འགྱོ་ནིའི་དོན་ལུ་ རྒྱབ་བསྐྱོར་དང་མཉམ་འབྲེལ་འབད་མི་འདི་ལུ་ བཀའ་དྲིན་དགའ་འཚོར་ཡོདཔ་སྦེ་གསུང་གནང་ཡི།

Leave a Reply

Your email address will not be published. Required fields are marked *