ཨང་གནས་ཅན་གྱི་ས་དབྱིབས་ཀྱི་སབ་ཁྲ་བཟོ་ནིའི་དོན་ལུ་ གྲོགས་མར་གན་ཡིག་གུར་མཚན་རྟགས་བཀོད་ནི།

སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་དང་ ཇཱ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེའི་གཙོ་འཛིན་སྐུ་ཚབ་གཉིས་ཀྱིས་བར་ན་  ཨང་གནས་ཅན་གྱི་ས་དབྱིབས་ཆགས་ལུགས་ཀྱི་ས་ཁྲའི་ལས་འགུལ་དོན་ལུ་ གྲོགས་རམ་གན་ཡིག་གུར་མཚན་རྟགས་བཀོད་གནང་ཡི།

ལས་འགུལ་འདི་གིས་དམིགས་ཡུལ་འདི་ རྐྱེན་ངན་ལས་བཟློག་ཐབས་དང་རང་བཞིན་འཐོན་སྐྱེད་འཛིན་སྐྱོང་སྒྲིང་སྒྲིང་བཟོ་སྟེ་ སྲིད་བྱུས་བརྩམ་མི་ལུ་ས་ཆའི་བརྡ་དོན་སྤྲོད་ཐབས་ཀྱི་དོན་ལུ་ཨིན། ལས་འགུལ་འདི་ཡང་ ཨང་གནས་ཅན་གྱི་ས་དབྱིབས་ཆགསས་ལུགས་ཀྱི་ས་ཁྲ་འདི་ བྱང་ཕྱོགས་དང་དབུས་ཕྱོགས་ལུང་ཕྱོགས་ཀྱི་ཚད་གཞི་འདི་ ༡:༢༥༠༠༠ དང་ དེ་ལས་ ཁྲོམ་སྡེ་གཙོ་བོ་ལུ་ཚད་གཞི་འདི་ ༡:༥༠༠༠ བཟོ་ཐོག་ལག་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཡིག་ཚང་དང་གཅིག་ཁར་ལེན་འཐབ་ནི་ཨིནམ་དང་ འདི་གིས་ འབྲུག་རྒྱལ་ཁབ་ནང་ལུ་ གནམ་གཤིས་འགྱུར་བ་ལས་བརྟེན་པའི་ཉེན་ཁ་ཅན་གྱི་ རང་བཞིན་རྐྱེན་ངན་མར་ཕབ་འབད་ལྷན་ཐབས་ཚུགས་ནི་ཨིན། ཇཱ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་གིས་ཡང་ རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ལུང་ཕྱོགས་ལུ་ ས་ཆ་གྲུ་བཞི་ཀི་ལོ་མི་ཊར་ ༡༡༠༠༠ ཀྱི་དོན་ལུ་ ཚད་གཞི་ ༡:༢༥༠༠༠ བཟོ་ཡོདཔ་ལས་ འདི་གིས་ལྷོ་ཕྱོགས་རྫོང་ཁག་བརྒྱད་ཁྱབ་འདི་ཡོདཔ་ཨིན། སྤྱི་ལོ་ ༢༠༠༨ ལུ་མཇུག་བསྡུ་ཡོད་མི་ ཁྱད་རིག་མཉམ་འབྲེལ་ལས་འགུལ་འདི་གིས་ཡང་ ཨང་གནས་ཅན་གྱི་ས་དབྱིབས་ཆགས་ལུགས་ཀྱི་ས་ཁྲ་མ་བརྩི་བར་ ས་འཇལ་ཚད་འཛིན་གྱི་ས་ཁོངས་ ས་སྒོ་ངོས་འཛིན་ གནམ་འཚོར་འཛིན་ཆས་ཐབས་ལམ་ ཨང་གནས་ཅན་གྱི་བཀོད་རིས་བཟོ་ནི་ ས་ཆའི་བརྡ་དོན་རིམ་ལུགས་ཀྱི་གནས་སྡུད་དབྱེ་དཔྱད་ཚུ་གི་ཐད་ཁར་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཡིག་ཚང་གིས་འགོ་དཔོན་ཚུ་ལུ་ཅོག་སྒྲུབ་གོང་འཕེལ་གྱི་དོན་ལུ་ཕན་ཐོགས་བྱུང་འདི་ཡོད།

Leave a Reply

Your email address will not be published. Required fields are marked *