ས་གནས་གོང་འཕེལ་འཆར་གཞི་ལག་དེབ་ཀྱི་འགོ་འབྱེད་མཛད་གནང་ཡི།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་གྱིས་ གཞུང་འབྲེལ་དུ་ ས་གནས་གོང་འཕེལ་འཆར་གཞི་ལག་དེབ་འདི་འགོ་འབྱེད་མཛད་གནང་ཡི།

ས་གནས་གཞུང་གི་ངོ་ཚབ་ཚུ་ཡང་ ཐིམ་ཕུག་རྫོང་བདག་དང་ཐིམ་ཕུག་གི་ཁྲོམ་དཔོན་ འབྲུག་ལུ་ཡོད་པའི་ ཧེལ་ཝི་ཊསི་ཀྱི་རྒྱལ་ཁབ་ཀྱི་མདོ་ཆེན་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་འོག་གི་ ས་གནས་གཞུང་སྐྱོང་ལས་ཁུངས་་དང་ དངུལ་རྩིས་ལྷན་ཁག་འོག་གི་ འཆར་དངུལ་ལས་ཁུངས་ཚུ་གིས་ཡང་ ལས་རིམ་ནང་ལུ་གྲལ་གཏོགས་འབད་ཡི།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་གིས་ གནས་གཞུང་སྐྱོང་ལས་ཁུངས་ འཆར་དངུལ་ལས་ཁུངས་ གཞུང་སྐྱོང་མཆོག་འགྱུར་འཛིན་སྐྱོང་སྡེ་ཚན་དང་མཉམ་འབྲེལ་ཐོག་ལས་ ས་གནས་གོང་འཕེལ་འཆར་གཞི་ལག་དེབ་བསྐྱར་ཞིབ་འདི་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༦ པའི་ནང་འགོ་བཙུགས་ཡི།

སྤྱི་ལོ་༢༠༡༤ འི་ཤུལ་ ལས་སྡེ་ཁག་ཚུ་གི་ ལེགས་སྒྱུར་གསརཔ་དང་ འཕོ་འགྱུར་གྱི་གནད་དོན་ དེ་ལས་ མ་འོངས་པའི་ནང་འབྱུང་སྲིད་པའི་ འཆར་གཞི་བརྩམ་ནི་དང་ གཙོ་རིམ་སྒྲིག་ནི་ འཆར་དངུལ་བཟོ་ནི་ཚུ་ གྲལ་བཙུགས་འབད་དེ་ ཡར་དྲག་བཏང་ནིའི་དོན་ལུ་ ས་གནས་གོང་འཕེལ་འཆར་གཞི་ལག་དེབ་འདི་ སྤྱི་ལོ་༢༠༢༡ ལུ་ བསྐྱར་ཞིབ་འབད་ཡོདཔ་ཨིན།

ས་གནས་གོང་འཕེལ་ལག་དེབ་འདི་ ལག་ལེན་དངོས་བསྟར་བཟོ་ཐབས་ལུ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༨ པ་དང་ ༡༢ པའི་ནང་ རྫོང་ཁག་ཁལ་གཅིག་ ཁྲོམ་སྡེ་བཞི་དང་གཅིག་ཁར་གྲོས་བསྟུན་ཡང་འབད་ཡོདཔ་ཨིན། འདི་མ་ཚད་ ནད་ཡམས་ཀོ་ཝིད་ ༡༩ གི་ཉེན་ཁ་ཆེ་བའི་རྫོང་ཁག་དང་ཁྲོམ་སྡེ་ཚུ་གིས་ཐད་ཁར་ ཡོངས་འབྲེལ་ཐོག་ལས་གྲོས་བསྟུན་ཚུ་ཡང་འགོ་འདྲེན་འཐབ་ཡོདཔ་ཨིན།

ས་གནས་གོང་འཕེལ་ལག་དེབ་འདི་ཡང་ གྲོས་བཏུན་སྐབས་ལུ་ཐོབ་ཡོད་པའི་རྒྱབ་སྣོན་ཚུ་བཙུགས་ཏེ་བསྐྱར་ཞིབ་འབད་བའི་ཤུལ་ལས་ སྤྱི་ལོ་ ༢༠༢༡ ལུ ཏན་འཁེལ་བཟོ་གནང་ཡི།

བསྐྱར་ཞིབ་འབད་དེ་ཡོད་པའི་ ས་གནས་གོང་འཕེལ་ལག་དེབ་འདི་ཡང་ བཙག་འཐུ་ལས་གྲུབ་པའི་མི་སྡེ་འགོ་ཁྲིདཔ་གསརཔ་དང་ གཞན་ས་གནས་གཞུང་གི་འགོ་དཔོན་ རྫོང་ཁག་གི་འཆར་གཞི་དང་ལས་སྡེའི་འགོ་དཔོན་ཚུ་ ཁོང་རའི་མངའ་འོག་གི་འཆར་གཞི་བརྩམ་ནི་དང་གཙོ་རིམ་སྒྲིག་ཐབས་ལུ་ གོམས་འདྲིས་ཀྱི་དོན་ལུ་ལག་ལེན་འཐབ་ནི་ཨིན་པས། ས་གནས་གོང་འཕེལ་ལག་དེབ་འདི་ཡང་ དབང་ཚད་ཕྱིར་སྤེལ་དང་ས་གནས་གཞུང་སྐྱོང་ལས་རིམ་ ནང་སྲིད་དང་སྲོལ་ལྷན་ཁག་འོག་གི་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱིས་ལག་ལེན་འཐབ་སྟེ་ཡོད་པའི་ལས་རིམ་བརྒྱུད་དེ་ འབྲུག་ལུ་ཡོད་པའི་ ཧེལ་ཝི་ཊསི་སུ་ཡིས་ཡིག་ཚང་གིས་ མ་དངུལ་རྒྱབ་སྐྱོར་མཛད་ཐོག་ལས་བརྩམ་ཡོདཔ་ཨིན།

Leave a Reply

Your email address will not be published. Required fields are marked *