འབྲུགཔ་མི་རྒན་ཤོས་ཀྱི་སྲིད་བྱུས་བརྩམ་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་གྲོས་བསྟུན་ཞལ་འཛོམས།

འབྲུག་གི་མི་སེར་རྒན་ཤོས་ཀྱི་སྲིད་བྱུས་བརྩམ་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་གྲོས་བསྟུན་ཞལ་འཛོམས་འདི་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ལྔ་པའི་ཚེས་ ༡༩ ལུ་ ས་གནས་ ཞི་ཆེན་ཁར་ ཐིམ་ཕུག་ལུ་འགོ་འདྲེན་འཐབ་ཅི།

འབྲུག་རྒྱལ་ཁབ་ནང་ལཱ་འབད་ཚུགས་པའི་མི་རློབས་ཀྱི་ལོ་ཚད་འདི་ གཞོན་ཤོས་ཅིག་སྦེ་རྩིས་དོ་ཡོདཔ་ལས་བརྟེན་ཏེ་ མི་འབོར་ཞིབ་རྩིས་ནང་ལུ་ཁེ་ཕན་ཡོདཔ་ཨིན་པས། ཨིན་རུང་ ལོ་ཚད་ ༦༥ འབད་མི་དང་ལོ་ན་རྒས་ཏེ་ བརྟེན་སྡོད་མི་རློབས་ཀྱི་བརྒྱ་དཔྱ་འདི་ཚད་ཅིག་གུར་སྦེ་ར་ མགྱོགསཔར་སྦེ་ཡར་སེང་འགྱོ་དོ་ཡདཔ་ཨིན་པས།

མི་རྩིས་གྲངས་འབོར་དང་འཁྲིཝ་ད་ ལོ་ན་རྒས་མི་ ལོ་ཚད་ ༦༥ འབད་མི་ མི་རློབས་འདི་ སྤྱི་ལོ་ ༢༠༠༥ དང་ སྤྱི་ལོ་ ༢༠༡༧ གྱི་བར་ བརྒྱ་ཆ་ ༢༥. ༥ ཡར་སེང་འགྱོ་ནུག། དེ་ཡང་ སྤྱི་ལོ་ ༢༠༠༥ ལུ་ མི་རློབས་གྱངས་ཁ་ ༢༩༧༥ འབདཝ་ད་ བརྒྱ་ཆ་ ༤.༧ ལས་ སྤྱི་ལོ་ ༢༠༡༧ ལུ་ མི་རློབས་ཀྱི་གྱངས་ཁ་ ༤༣༠༦༤ འབདཝ་ད་ལུ་ བརྒྱ་ཆ་ ༥.༩ ལུ་ཡར་སེང་སོང་ནུག། འབྲུག་གི་མི་རློབས་དང་ཁྱིམ་གྱི་གྲངས་རྩིས་ ༢༠༡༧- ༢༠༤༧ ཅན་མའི་ཕོ་ཚད་སྐྱེད་མི་དང་འཁྲིལཝ་ད་ མི་རློབས་ཡོངས་འབོར་ལས་ ལོ་ན་རྒས་མིའི་མི་རློབས་འདི་ སྤྱི་ལོ་ ༢༠༢༢ ལུ་ མི་རློབས་གྱངས་ཁ་ ༥༠༧༡༥ འབདཝ་ད་ བརྒྱ་ཆ་ ༦.༧ ལྷོད་ཡོདཔ་དང་ སྤྱི་ལོ་ ༢༠༣༠ ལུ་ བརྒྱ་ཆ་ ༧.༩ ལུ་ཡར་སེང་འགྱོ་ནི་ཨིནམ་དང་ དེ་ལས་ སྤྱི་ལོ་ ༢༠༤༧ ལུ་ མི་རློབས་ཀྱི་གྱངས་ཁ་ ༡༡༨༦༥༠ འབདཝ་ད་ལུ་ བརྒྱ་ཆ་ ༡༣.༤ ལུ་ཡར་སེང་འགྱོ་ནི་ཨིན་པས། འདི་བཟུམ་སྦེ་ར་ ལོ་ན་རྒས་ཏེ་བརྟེན་སྡོད་ཆ་ཚད་འདི་ མི་རློབས་དཔྱ་སྙོམས་ཚད་གཞི་ལས་ ལོ་ཚད་ ༦༥ དང་ འཐོན་སྐྱེད་ཅན་གྱི་མི་རློབས་ ལོ་ཚད་ ༡༥- ༦༤ འབད་མི་ཡང་ སྤྱི་ལོ་ ༢༠༠༥ ལུ་ འདི་ཡང་ བརྒྱཆ་ ༧.༥ དང་ སྤྱི་ལོ་ ༢༠༡༧ ལུ་བརྒྱ་ཆ་ ༨.༧ ཡར་སེང་འགྱོ་ནི་ཨིན་མི་འདི་ མི་རྩིས་དུས་ཡུན་ནང་ཁོད་ བརྒྱ་ཆ་ ༡༦ ཡར་སེང་འགྱོ་ནི་ཨིན་པས།

སྤྱི་ལོ་ ༢༠༠༢ ལུ་ ལོ་ན་རྒན་ཏེ་བརྟེན་སྡོད་མིའི་དཔྱ་ཚད་འདི་ བརྒྱ་ཆ་ ༩.༥ དང་ དོ་རུ་ཡང་ སྤྱི་ལོ་ ༢༠༣༠ ལུ་དཔྱ་ཚད་འདི་བརྒྱ་ཆ་ ༡༡.༢ དང་ སྤྱི་ལོ་ ༢༠༤༧ ལུ་ བརྒྱ་ཆ་ ༡༩.༤ ལུ་ཡར་སེང་འགྱོ་ནི་ཨིན་མི་འདི་ཡང་ རྒྱལ་ཁབ་ནང་ལུ་ ལོ་ན་རྒན་མིའི་མི་རློབས་འདི་སྦམ་སྦཻ་ར་ཡར་ཡར་སེང་འགྱོ་མིའི་མི་སྡེ་ལུ་འགྱུར་ནི་ཨིན་པས། མ་གཞི་ ལོ་ན་རྒན་མིའི་མི་རློབས་གུར་ བརྟག་ཞིབ་རྒྱས་ཤིང་རྒྱསཔ་སྦེ་འབད་དེ་མེད་རུང་ བརྟག་ཞིབ་འབད་དེ་ཡོད་མི་དང་འཁྲིལ་བ་ཅིན་ འབྲུག་རྒྱལ་ཁབ་ནང་ལུ་ ལོ་ན་རྒན་མི་ཚུ་ དངུལ་འབྲེལ་གྱི་དཀའ་ངལ་ ཟ་འཐུང་མ་ལངས་པའི་དཀའ་ངལ་ ས་གཞི་ལངམ་སྦེ་མེད་མི་ བུ་ལོན་ སྣང་མི་བསྐྱུར་མི་ བརྩི་བཀུར་མེདཔ་ ཆགས་ལྡང་ཕྱོགས་རིས་དང་ གཞན་མི་སྡེ་དང་འབྲེལ་བ་ཚུ་མེད་པའི་དཀའ་ངལ་མ་འདྲཝ་ཚུ་འབྱུང་དོ་ཡོདཔ་སྦེ་ཨིན་པས།

དེ་འབདཝ་ལས་བརྟེན་ ལོ་ན་རྒན་མི་མི་རློབས་ཚུ་གིས་དོན་ལུ་ གནད་དོན་དང་གདོང་ལེན་མ་འདྲཝ་ཚུ་སེལ་ཐབས་ཀྱི་ཐབས་ཤེས་འདི་ཕྲལ་མགྱོགས་སྦེ་ར་བཏོན་ཏེ་ རྒྱལ་ཁབ་ནང་ལུ་ དེ་དང་འཁྲིལ་བའི་འོས་ལྡན་གྱི་སྲིད་བྱུས་བརྩམ་སྟེ་ ཁོང་གིས་དགོས་མཁོ་དང་འཁྲིལ་ཏེ་ ཐབས་ལམ་ཚུ་བཏོན་དགོཔ་ཁག་ཆེ།

མི་དམང་མངའ་བདག་རིན་པོ་ཆེ་མཆོག་གིས་ཐུགས་ཀྱི་འཆར་སྣང་འདི་ཡང་ མི་སེར་རྒན་ཤོས་ཚུ་ལུ་ཞབས་ཏོག་དང་ཕན་བདེ་ལས་རིམ་ཚུ་སྒྲིང་སྒྲིང་བཟོ་ནི་ཨིནམ་ལས་ དེའི་མཐའ་དོན་ལུ་ མི་དབང་མངའ་ཞབས་མཆོག་གིས་ མི་སེར་རྒན་ཤོས་ཚུ་ལུ་ སྡོད་ཁྱིམ་ཚུ་བཟོ་དགོཔ་སྦེ་གསུངས་གནངམ་ཡོདཔ་དང་ མི་རྒན་ཤོས་ཚུ་གིས་མཐའ་དོན་ལུ་དམིགས་ཏེ་ དམིགས་བསལ་གྱི་ལས་རིམ་བཟོ་དགོཔ་སྦེ་གསུངས་གནང་ནུག། དེ་གུར་ལུ་ མི་རྒན་ཤོས་ཚུ་ལུ་ཞབས་ཏོག་དང་ཐབས་ཤེས་མ་འདྲཝ་ཚུ་ ཁོང་གི་ལཱ་འགན་དང་འཁྲིལ་བའི་ ལས་སྡེ་ཁག་ཚུ་ནང་ལུ་ཁདབྱེ་འདི་ཡོད།

དཀའ་ངལ་འདི་དང་འབྲེལ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ལམ་སྟོན་དང་ ད་ལྟོའི་གཞུང་གི་ཐབས་ཤེས་ལུ་གཞི་བཞག་སྟེ་ དཀའ་ངལ་འདི་བསལ་ཐབས་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་འགོ་འདྲེན་ཐོག་ལས་ འབྲུག་མི་རྒན་ཤོས་ ཡང་ཅིན་ ལོ་ན་རྒན་མི་ མི་རློབས་ཀྱི་དོན་ལུ་ སྲིད་བྱུས་བྱ་རིམ་འདི་བརྩམ་ནི་ཨིན།

ཉིན་གྲངས་གཅིག་གི་འབྲེལ་ཡོད་ལས་སྡེ་དང་གཅིག་ཁར་གྲོས་བསྟུན་ཞལ་འཛོམས་འདི་གིས་དམིགས་ཡུལ་གཙོ་བོ་ར་ ལས་ཁུངས་དང་ལས་སྡེ་མ་འདྲཝ་ཚུ་གིས་ ད་ལྟོ་ལག་ལེན་འཐབ་བཞིན་ཡོད་མི་སྲིད་བྱུས་འདི་གུར་གྲོས་བསྡུར་འབད་ནི་དང་ མི་རྒན་ཤོས་ཚུ་གིས་དཀའ་ངལ་དང་གདོང་ལེན་འབྱུང་དོ་ཡོད་མི་ཚུ་གུར་གྲོས་བསྡུར་འབད་དེ་ དེ་དང་འཁྲིལ་བའི་སྲིད་བྱུས་བརྩམནིའི་བྱ་རིམ་གུར་ལམ་སྟོན་གྱི་རྒྱབ་བསྣོན་བཀོད་ནི་ དེ་ལས་ མི་རྒན་ཤོས་ཚུ་ལུ་དབང་ཆ་ བརྩི་བཀུར་དང་བྱ་ལེན་ཚུ་ངེས་པར་འབད་ཐབས་ལུ་ ཁྲིམས་མཐུན་གྱི་གཞི་བཀོད་བཟོ་ནིའི་དོན་ལུ་ དམིགས་གཏད་ཅན་གྱི་ལམ་སྟོན་ཐབས་ལམ་ཅིག་བཟོ་ནི་ཨིན།

ཞལ་འཚོམས་སྐབས་ལུ་ ལས་སྡེ་མ་འདྲཝ་ དཔེར་ན་ གསོ་བའི་ལྷན་ཁག་ རྒྱལ་འཛིན་རྒན་ཤོས་ཚོགས་པ་ རྒྱལ་གཞུང་དགོངས་ཞུ་དང་ཟུར་ཕོགས་མ་དངུལ་ཚུ་གིས་ ད་ལྟོ་ཡོད་པའི་ལས་རིམ་ ལས་སྣ་དང་རྒན་ཤོས་ཚུའི་ལས་རིམ་གུར་ སྤྱན་འབུལ་འབད་ཡོདཔ་དང་ ད་རེས་ཀྱི་གྲོས་བསྟུན་ཞལ་འཚོམས་ནང་ལུ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ མི་སེར་རྒན་ཤོས་ཚུ་ལུ་ ཞབས་ཏོག་མཁོ་སྤྲོད་སྐབས་ལུ་ འབྱུང་དོ་ཡོད་པའི་དཀའ་ངལ་དང་གདོང་ལེན་ཚུ་གིས་ཐད་ཁར་ཡང་ གྲོས་བསྡུར་འབད་ཡི། ཞལ་འཛོམས་འདི་གིས་ སྲིད་བྱུས་བརྩམ་ནིའི་བྱ་རིམ་ནང་ལུ་ལམ་སྟོན་འབད་ནི་ལུ་རེ་བ་སྐྱེད་དོ་ཡོདཔ་དང་ འདི་གིས་མཐའ་དོན་ལུ་ འབྲེལ་བ་ཡོད་པའི་ལས་སྡེ་དག་པ་ཅིག་དང་ཞལ་འཚོམས་ཡང་ཚོགས་ནི་ཨིན། སྲིད་བྱུས་ཟིན་བྲིས་འདི་ སྤྱི་ཟླ་ ༡༠ པའི་ནང་ལུ་མཇུག་ཚུགས་པའི་རེ་བ་ཡོདཔ་དང་ དེ་ལས་གཞུང་ལུ་སྤྱན་འབུལ་ཕུལ་ནི་ཨིན།

ཞལ་འཛོམས་འདི་ཡང་ གསོ་བའི་ལྷན་ཁག་དང་རྒྱལ་འཛིན་རྒན་ཤོས་ཚོགས་པ་གཅིག་ཁར་ མཉམ་འབྲེལ་ཐོག་ཐོག་ལས་འགོ་འདྲེན་འཐབ་ཡོདཔ་ཨིན། མི་སེར་རྒན་ཤོས་ཀྱི་སྲིད་བྱུས་བརྩམ་ནིའི་དོན་ལུ་མ་དངུལ་རྒྱབ་སྐྱོར་འདི་ འཛམ་གླིང་སྤྱི་ཚོགས་མི་རློབས་མ་དངུལ་ཁ་ཐུག་ལས་བྱིན་ཡོདཔ་ཨིན།

Leave a Reply

Your email address will not be published. Required fields are marked *