ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གན་ཡིག་སྒྲིག་བཀོད་ཀྱི་ ་གོམས་འདྲིས་བསྐྱར་ཞིབ་ཀྱི་ལས་རིམ།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམ་ལྷན་ཚོགས་ཡིག་ཚང་ཁ་ཐུག་ལས་ སྤྱི་ཚེས་ ༧/༠༦/༢༠༢༢ ལུ་ གཞུང་སྐྱོང་མཆོག་འགྱུར་འཛིན་སྐྱོང་སྡེ་ཚན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ དངུལ་རྩིས་ལྷན་ཁག་ཚུ་མཉམ་འབྲེལ་ཐོག་ལས་ གཞུང་ལྟེ་བའི་ལས་སྡེ་ཚུ་དང་ས་གནས་གཞུང་གི་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གན་ཡིག་གི་སྒྲིག་བཀོད་གུར་གོམས་འདྲིས་ལས་རིམ་འགོ་བཙུགས་ཡི། གོམས་འདྲིས་ལས་རིམ་འདི་ གཞུང་ལྟེ་བའི་ལས་སྡེ་ཚུ་དང་གཅིག་ཁར་ ངོ་འཛོམས་ཐོག་ལས་ཞལ་འཛོམས་ཚོགས་ཡོད་རུང་ ས་གནས་གཞུང་དང་གཅིག་ཁར་ཞལ་འཛོམས་འདི་གློག་རིག་ཡོངས་འབྲེལ་ཐོག་ལས་འགོ་འདྲེན་འཐབ་ཡོདཔ་ཨིན།

ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གན་ཡིག་གི་རིམ་ལུགས་འདི་ བསྐྱར་ཞིབ་འབད་དགོ་མི་འདི་ཡང་ གཞི་གཡོགཔ་ཚུ་གིས་གཞུང་སྐྱོང་མཆོག་འགྱུར་འཛིན་སྐྱོང་འདི་སྒྲིག་སྒྲིང་བཟོ་སྟེ་ ལོ་ལྔའི་གོང་འཕེལ་འཆར་གཞི་ཚུ་གྲུབ་ནི་ལུ་ལྷན་ཐབས་འབད་དེ་ དུས་ཡུན་བར་མ་དང་ཕུག་གི་རྒྱལ་ཡོངས་དམིགས་སྐྱེད་དང་དམིགས་ཡུལ་ཚུ་གྲུབ་ཐབས་ལུ་དམིགས་ཏེ་འབད་ཡོདཔ་ཨིན། ལས་སྡེ་ཚུ་གིས་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གན་ཡིག་གི་གནས་རིམ་མ་འདྲཝ་དང་གྲུབ་འབྲས་ཀྱི་བརྡ་སྟོན་གཙོ་ཅན་ཚུ་དབྱེ་བ་ཕྱེ་ཚུགས་ནི་དང་ འདི་གིས་ འགན་ཁུར་དང་འགན་ཁྲི་ཡང་གསལ་རིརི་སྦེ་སྤྲོད་ཐབས་ལུ་ཡང་ལྷན་ཐབས་འབད་ཚུགས་ནི་ཨིན།

གོམས་འདྲིས་ལས་རིམ་ནང་ལུ་ གཞུང་ལྟེ་བའི་ལས་སྡེ་ཚུ་ལས་ དྲགོས་དྲུང་ཆེན་ ལས་ཁུངས་ཀྱི་འགོ་འཛིན་ སྡེ་ཚན་གྱི་གཙོ་འཛིན་འགོ་དཔོན་དང་འབྲེལ་བ་ཡོད་པའི་འགོ་དཔོན་ཚུ་གིས་ཡང་གྲལ་གཏོགས་འབད་དེ་ཡོདཔ་ཨིན། དེ་བཟུམ་སྦེ་ ས་གནས་གཞུང་གི་ནང་ལས་ དྲགོས་རྫོང་བདག་ རྫོང་བདག་ངོ་ཚབ་ བཀོད་ཁྱབ་དྲུང་ཆེན་ དྲགོས་རྫོང་རབ་ དྲུང་པ་ སྡེ་ཚན་གྱི་འགོ་འཛིན་དང་རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་གིས་ཡང་གྲལ་གཏོགས་འབད་དེ་ཡོདཔ་ཨིན།

གཞུང་ལྟེ་བའི་ལས་སྡེ་ཆ་མཉམ་ལུ་ གོམས་འདྲིས་ལས་རིམ་དེ་ཡང་ སྤྱི་ཚེས་ ༡༤/༠༦/༢༠༢༢ གི་སྔོན་མ་མཇུག་བསྡུ་ནི་ཨིནམ་དང་ དེ་གི་ཤུལ་ལས་ ལས་སྡེ་ཚུགིས་ཁ་ཐུག་ལས་བསྐྱར་བཟོ་གིས་ལཱ་འགོ་བཙུགས་ནི་ཨིན། རྩིས་ལོ་ ༢༠༢༢ ལས་ ༢༠༢༣ གྱི་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གན་ཡིག་གི་སྒྲིག་བཀོད་འདི་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་དྲུག་པའི་ཚེས་ ༣༠ ལུ་བསྐྱར་བཟོ་འབད་ཡོདམི་གཞུང་སྐྱོང་མཆོག་འགྱུར་གན་ཡིག་ལུ་ གཞི་བཞག་སྟེ་ཏན་འཁེལ་བཟོ་ནི་ཨིན། གྲུབ་འབྲས་གཙོ་ཅན་གྱི་བརྡ་སྟོན་དམིགས་ཡུལ་འདི་ཡང་ འདི་ལག་ལེན་འཐབ་སྟེ་ ལོ་བསྟར་གྲུབ་འབྲས་ཚུ་ཡང་ ལྟ་རྟོག་དང་དབྱེ་ཞིབ་འབད་ནི་ཨིན། བསྐྱར་ཞིབ་འདི་ལས་ཐོབ་པའི་ཉམས་མྱོང་དང་ལྟ་རྟོག་འདི་ ཤུལ་མའི་འཆར་གཞི་ནང་ལུ་ གྲུབ་འབྲས་གཙོ་ཅན་བརྡ་སྟོན་གྱི་ལཱ་ཤུལ་གྱི་དོན་ལུ་ ལག་ལེན་འཐབ་ནི་ཨིན།

Leave a Reply

Your email address will not be published. Required fields are marked *