རྒྱ་གར་གཞུང་གི་ ལས་རིམ་དང་འཁྲིལ་དགོ་པའི་ལས་འགུལ་གྱི་ ལོ་ལྔའི་འཆར་གཞི་ ༡༢ པའི་ ལས་འགུལ་ལྟ་རྟོག་ཚོགས་ཆུང་གི་ཞལ་འཛོམས་ཐེངས་ ༢ པའི་ གནས་ཚུལ་གསར་བཏོན།

རྒྱ་གར་གཞུང་གི་ ལས་རིམ་དང་འཁྲིལ་དགོ་པའི་ལས་འགུལ་གྱི་ ལོ་ལྔའི་འཆར་གཞི་ ༡༢ པའི་ ལས་འགུལ་ལྟ་རྟོག་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་གཉིས་པ་འདི་ ཐིམ་ཕུག་ལུ་ སྤྱི་ཚེས་ ༡༢/༠༧/༢༠༢༢ ལུ་ཚོགས་གནང་ཡི། ལས་འགུལ་ལྟ་རྟོག་ཚོགས་ཆུང་གི་ཞལ་འཛོམས་འདི་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ངོ་ཚབ་ ངོམ་ དབང་ཕྱུག་རྣམ་རྒྱས་དང་ ཕྱི་འབྲེལ་ལྷན་ཁག་ བྱང་ཕྱོགས་ཀྱི་མདོ་ཆེན་ ངོམ་ ཨ་མིཌ་ཤུགས་ལ་གཉིས་ཀྱིས་དབུ་ཁྲིད་མཛད་གནང་ཡི། ལས་འགུལ་ལྟ་རྟོག་ཚོགས་ཆུང་གི་ཞལ་འཛོམས་ནང་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ ཕྱི་འབྲེལ་ལྷན་ཁག་ དངུལ་རྩིས་ལྷན་ཁག་ ལས་འགུལ་ཌན་ཀྲག་དང་ ལས་རིམ་དང་འཁྲི་དགོ་པའི་ལས་འགུལ་ལག་ལེན་འཐབ་མི་ལས་སྡེའི་ནང་ལས་འགོ་དཔོན་ཚུ་གིས་ཡང་གྲལ་གཏོགས་མཛད་གནང་ཡི།

ལས་འགུལ་ལྟ་རྟོག་ཚོགས་ཆུང་གི་འཐུས་མི་ཚུ་གིས་ གནད་དོན་ངོ་མ་དང་ གདོང་ལེན་འབྱུང་བཞིན་ཡོད་མི་ཚུ་ ཤེས་ཐབས་ཀྱི་དོན་ལུ་ གཤམ་འཁོད་ལས་འགུལ་གྱི་ས་ཁོངས་ཚུ་ནང་ལུ་ གཟིགས་སྐོར་གནང་སྟེ་ ལས་འགུལ་གྱི་གྲུབ་འབྲས་ལེགས་ཤོམ་བཏོན་མི་ལུ་རྒྱབ་སྣོན་བཀོད་གནང་ཡི།

༡. སྤ་རོ་ལུ་ འཇིགས་མེད་སེངྒེ་དབང་ཕྱུག་ རྒྱལ་འཛིན་ཁྲིམས་སྡེ་སྤེལ་ཁང་བཟོ་བསྐྲུན།
༢. ཐིམ་ཕུག་ལུ་ ཉལ་ཁྲི་ ༡༥༠ འབད་མི་ ཨའི་དང་ཨ་ལུའི་སྨན་ཁང་བཟོ་བསྐྲུན།
༣. ཐིམ་ཕུག་ ལྕང་ཟམ་ཏོག་ལུ་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཚོང་ཁྲོམ་བཟོ་བསྐྲུན།
༤. ཐིམ་ཕུག་ ཆུ་བར་ཆུ་ལས་ འབྱུང་གཞི་ན་ཚུན་གྱི་འཁོར་ལམ་བཞི་གྲམ་བཟོ་བསྐྲུན།
. སེམས་རྟོགས་ཁ་གི་སྒོར་ལམ་བཟོ་བསྐྲུན་དང་།
. དབང་འདུས་ཕོ་འབྲང་གི་ རྫོང་བསྐྱར་བཞེངས།

ལས་འགུལ་ལྟ་རྟོག་ཚོགས་ཆུང་གིས་འབད་བ་ཅིན་ ནད་ཡམས་ཀོ་ཝིད་- ༡༩ དར་ཁྱབ་ལས་བརྟེན་ཏེ་ གདོང་ལེན་ཚུ་འཐོན་ཡོད་རུང་ ལས་འགུལ་ག་རའི་ནང་གྲུབ་འབྲས་སྦོམ་བཏོན་ཡོདཔ་སྦེ་ཤེས་རྟོགས་འབྱུང་ནུག། ལས་རིམ་དང་འཁྲིལ་དགོ་པའི་ལས་འགུལ་ ༨༢ ལས་ ལས་འགུལ་ ༡༦ འདི་མཇུག་བསྡུ་ཡོདཔ་དང་ ལྷག་ལུས་ལས་འགུལ་ ༦༦ འདི་ཡང་ལག་ལེན་འཐབ་སྟེ་གནས་ཚད་མ་འདྲཝ་ཚུ་ནང་ལྷོད་ཡོད་པའི་ཁར་ལུ་ ལས་འགུལ་མང་ཆེ་ཤོས་ཅིག་བསྡུ་ནི་གུར་ལྷོད་འདི་ཡོདཔ་ཨིན་པས། ལས་འགུལ་ཚུ་ག་ར་ ལོ་ལྔའི་འཆར་གཞི་ ༡༢ པ་མཇུག་བསྡུཝ་ད་ལུ་ མཇུག་བསྡུ་ཚུགས་པའི་རེ་བ་བསྐྱེད་དོ་ཡོདཔ་ཨིན།

དོ་རུང་ཡང་ ལས་འགུལ་ལྟ་རྟོག་ཚོགས་ཆུང་གིས་ གྲུབ་འབྲས་དང་སྦྲགས་ཏེ་ལས་འགུལ་ ༩ གི་རིན་གོང་ཡར་སེང་ཚུ་བསྐྱར་ཞིབ་འབད་དེ་ཕུལ་ནི་ལུ་རྒྱབ་སྣོན་འབད་ཡོདཔ་དང་ ལས་འགུལ་ལྔ་གི་ནང་འགྲིག་འབད་ནི་ ལས་རིམ་དང་འཁྲིལ་དགོ་པའི་ལས་འགུལ་གྱི་གྲུབ་འབྲས་སྙན་ཚུ་ཕུལ་ནི་དང་ དེལས་ དོ་ཅི་ སྤྱི་ཟླ་ ༨ པའི་བདུན་ཕྲག་གཉིས་པ་དང་གསུམ་པའི་བར་ན་ཚོགས་ནིའི་རེ་བ་ཡོད་པའི་ འཆར་གཞིའི་ཞལ་འཛོམས་ནང་ ལས་རིམ་དང་འཁྲིལ་དགོ་པའི་ལས་འགུལ་ ༣༡ ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་ ༥༥༤༨.༧༨༧ འདི་ཡང་ མགྱོགས་སུ་ཅིག་སྦེ་ར་ མ་དངུལ་འཛིན་གྲོལ་གྱི་ཞུ་བ་ཕུལ་དགོ་པའི་རྒྱབ་སྣོན་འའབད་ཡོདཔ་ཨིན།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས།

Leave a Reply

Your email address will not be published. Required fields are marked *