གཞུང་ལྟེ་བའི་འཆར་གཞི་བརྩམ་ནིའི་གྲ་སྒྲིག།

ལོ་ལྔའི་འཆར་གཞི་ ༡༢ པ་ཏན་ཁེལ་གྱི་ རྒྱལ་ཡོངས་གྲུབ་འབྲས་གལ་ཅན་ཚུ།

ལོ་ལྔའི་འཆར་གཞི་ ༡༢ པ་བརྩམ་ནི་དེ་ཡང་ དུས་ཅིག་སྤྱི་ལོ་༢༠༡༦ སྤྱི་ཟླ་དང་པ་ལས་འགོ་བཙུགས་ཏེ གཞུང་གི་ལས་སྡེ་ ས་གནས་གཞུང་ སྒེར་སྡེ་ མི་སྡེ་ལས་ཚོགས་ ལ་སོགས་པའི་འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་ཞལ་འཛོམས་རྒྱས་ཤིང་རྒྱསཔ་སྦེ་ འགོ་འདྲེན་འཐབ་སྟེ་ བརྩམ་བརྩམས་ཨིན། ལོ་ལྔའི་འཆར་གཞི་ ༡༢ པ་བརྩམས་པའི་སྐབས་ལུ་ འཆར་གཞི་འདི་རྒྱལ་ཡོངས་ཀྱི་གནས་ཚད་ལུ་ མོས་མཐུན་འོང་ཐབས་དང་ འཆར་གཞི་བརྩམ་ནིའི་ནང་གྲལ་ཡོད་རེ་རེ་བཞིན་གྱིས་ ངོས་འཛིན་འབད་ཚུགསཔ་མ་ཚད་ འབྲེལ་ཡོད་ཡོངས་ཀྱིས་གྲལ་གཏོགས་དང་ ཀུན་ཚང་གནད་དོན་གྱི་གཞི་རྩ་ལུ་གཞི་བཞག་ སྟེ་བརྩམ་བརྩམས་ཨིན།

འཆར་གཞི་ ༡༢ པ་བརྩམ་ནིའི་ལམ་སྟོན་འདི་ སྤྱི་ ༢༠༠༡༧ སྤྱི་ཟླ་ ༣ པའི་ནང་ མི་རྗེ་བློན་ཆེན་མཆོག་གིས་ གྲོགས་རམ་མཉམ་འབྲེལ་ཞལ་འཛོམས་ཐེངས་ ༡༣ པའི་སྐབས་ལུ་ འགོ་འབྱེད་མཛད་གནང་ཡི། ལམ་སྟོན་འདི་ནང་ གཤམ་འཁོད་ཀྱི་བཅུད་དོན་སུ་གསལ་ཏོག་ཏོ་བཏོན་འདི་ཡོད། དེ་ཡང་ ༡. དམིགས་ཡུལ། ༢. རྒྱལ་ཡོངས་གྲུབ་འབྲས་གཙོ་ཅན་དང་གཅིག་ཁར་ རྒྱལ་ཡོངས་གྲུབ་འབྲས་གཙོ་ཅན་གྱི་བརྡ་སྟོན་ཚུ། ༣. སྔོན་འགྲོའི་འཆར་དངུལ་ཚད་རྩིས། ༤. འཆར་དངུལ་བགོ་ཀྲམ་གྱི་གཞི་བཀོད་དང་། ༥. གཞུང་ལྟེ་བ་དང་ས་གནས་གཞུང་གི་བར་ན་ ལཱ་འགན་ཁ་གསལ་གྱི་གཞི་བཀོད། ལོ་ལྔའི་འཆར་གཞི་ ༡༢པའི་དམིགས་ཡུལ་དེ་ཡང་ དབང་ཚད་ཕྱིར་སྤེལ་རྒྱ་སྐྱེད་བཏང་ཐོག་ལས་ འདྲ་མཉམ་དང་ཞི་བདེ་ མཐུན་སྒྲིག་ལྡན་པའི་ཁར་ ཡུན་བརྟན་ཅན་གྱི་མི་སྡེ། སྤཡི་བཏང་གི་དམིགས་ཡུལ་ཚུ་གྲུབ་ཐབས་ལུ་ རྒྱལ་ཡོངས་གྲུབ་འབྲས་གཙོ་ཅན་ ༡༦ བརྩམ་འདི་ཡོད།

འཆར་གཞི་ ༡༢ པ་ལག་ལེན་འཐབ་ད་ལུ་ གཅིག་སྒྲིལ་དང་གཅིག་མཐུན་ཡར་དྲགས་བཏང་ནིའི་དོན་ལུ་ འཆར་གཞི་༡༢ པའི་ལམ་སྟོན་ནང་ལུ་ ལས་སྡེའི་གྲུབ་འབྲས་གཙོ་ཅན་ ཡང་ཅིན་ལས་སྡེ་གཞི་ལུ་གཞི་བཞག་སྟེ་མེན་པར་ འཆར་གཞི་ ༡༢ པའི་ནང་ལུ་ རྒྱལ་ཡོངས་གྲུབ་འབྲས་གཙོ་ཅན་རེ་རེ་ལུ་ འགོ་ཁྲིད་ལས་སྡེ་རེ་རེ་བ་ལྷག་སྟེ་བཏོན་འདི་ཡོད་ ལས་སྡེ་འདི་གིས་ ལཱ་འགན་འདི་ར་ རྒྱལ་ཡོངས་གྲུབ་འབྲས་གཙོ་ཅན་གྱི་དོན་ལུ་ ལས་སྡེའི་གྲུབ་འབྲས་གཙོ་ཅན་ཚུ་བཟོ་དགོཔ་ཨིན། འདི་གིས་འབད་ གཞུང་གི་ལྷན་ཁག་དང་ལས་སྡེ་མང་ཤོས་གཅིག་གི་བར་ན་ འགོ་འདྲེན་དང་མཉམ་འབྲེལ་སྦོམ་ངེས་པར་དུ་བཟོ་ཚུགས་འདི་ཡོད། འདི་གིས་ཡང་མ་ཚད་པར་ འདས་པའི་ལོ་ལྔའི་འཆར་གཞི་ཚུ་བཟུམ་མེན་པར་ འཆར་གཞི་ ༡༢ པའི་ལམ་སྟོན་འདི་སྤྲོད་ཚར་བའི་ཤུལ་ལས་ འཆར་གཞི་ ༡༢ པ་འདི་གོ་རིམ་གཉིས་ནང་ལུ་སྦེ་བརྩམ་ནི་ཨིན། དེ་ཡང་ ལས་སྡེའི་གྲུབ་འབྲས་གཙོ་ཅན་ཚུ་བརྩམ་ནི་ དེའི་རྟིང་བདའ་སྟེ་ ལས་རིམ་མདོར་བསྡུས་ཚུ་བརྩམ་ནི་ཨིན།

ལོ་ལྔའི་འཆར་གཞི་ ༡༢ པའི་ལམ་སྟོན་བརྩམ་ཚར་བའི་ཤུལ་ལས་ གོ་རིམ་དང་པའི་ནང་ལུ་ ལས་སྡེའི་གྲུབ་འབྲས་གཙོ་ཅན་ཚུ་བརྩམ་ནི་དང་ དེ་ལས་ གྲུབ་འབྲས་གཙོ་ཅན་གྱི་བརྡ་སྟོན་ཚུ་ལུ་གཙོ་བོ་བཏོན་ནི་ཨིན། གྲུབ་འབྲས་གཙོ་ཅན་གྱི་བརྡ་སྟོན་དག་པ་ཅིག་བསྣར་བཞག་སྦེ་ལུས་ཏེ་ཡོད་མི་འདི་ཡང་ འགོ་བཙུགས་མཚམས་དང་དམིགས་གཏད་ཚུ་ཏན་ཁེལ་འགྱོ་མ་ཚུགསཔ་ལས་བརྟེན་ཏེ་ཨིན། དེ་ཡང་ སྤྱི་ལོ་ ༢༠༡༧ སྤྱི་ཟླ་ དང་པའི་ནང་ལུ་འགོ་བཙུགས་ཏེ་ཡོད་མི་འདི་ར་ ད་ལྟོ་ཆ་འཇོག་གྲུབ་སྟེ་ཡོད། དམིགས་བསལ་གྱིས་ འགོ་བཙུགས་མཚམས་ཀྱི་གནད་དོན་ དམིགས་གཏད་དང་གནས་བསྡུའི་འབྱུང་ཁུངས་ལུ་གཞི་བཞག་སྟེ་ རྒྱལ་ཡོངས་གྲུབ་འབྲས་གཙོ་ཅན་དག་པ་ཅིག་ དོ་རུ་ཡང་ལོག་སྟེ་བསྐྱར་ཞིབ་དང་ལེགས་བཅོས་འབད་དགོཔ་འཐོན་འོང་། ལེགས་བཅོས་ཀྱི་བྱ་རིམ་འདི་ཡང་ སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༨ པ་ཚུན་འཕྲོ་འཐུད་དེ་ར་འབད་ནི་ཨིན། ད་རེས་ནངས་པ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་གིས་ གོང་འཁོད་གོ་རིམ་གཉིས་ལས་ གོ་རིམ་གཉིས་པ་གུར་གཙོ་བོ་བཏོན་མི་འདི་ཡང་ ལོ་ལྔའི་འཆར་གཞི་ ༡༢ པའི་ལས་རིམ་བཅུད་བསྡུས་ཚུ་ཨིན། ལོ་ལྔའི་འཆར་གཞི་ ༡༢ པའི་ལས་རིམ་བཅུད་བསྡུས་ཚུ་བརྩམ་ཐབས་ཀྱི་གོ་བརྡའི་བྱ་རིམ་འདི་ཡང་ སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༨ པའི་བདུན་ཕྲག་དང་པའི་ནང་ལས་འགོ་བཙུགས་ནི་ཨིན། ལས་རིམ་བཅུད་བསྡུས་ཚུ་བརྩམ་ཐབས་ཀྱི་གོ་བརྡའི་བྱ་རིམ་འདི་གིས་ཤུལ་ལས་ ལས་སྡེ་རང་རང་སོ་སོ་གིས་ རང་སོའི་ལས་རིམ་བཅུད་བསྡུས་ཚུ་ ཁོར་རའི་ལས་སྡེའི་གྲུབ་འབྲས་གཙོ་ཅན་དང་ ལས་སྡེའི་གྲུབ་འབྲས་གཙོ་ཅན་གྱི་བརྡ་སྟོན་ལུ་གཞི་བཞག་སྟེ་ རྒྱལ་ཡོངས་གྲུབ་འབྲས་གཙོ་ཅན་དང་སྤྱིར་བཏང་འཆར་གཞིའི་དམིགས་ཡུལ་དང་འབྲེལ་མཐུན་ཡོདཔ་སྦེ་བརྩམ་དགོཔ་ཨིན།

འཆར་གཞི་ ༡༢ པའི་ ལས་སྡེའི་གྲུབ་འབྲས་གཙོ་ཅན་དང་གྲུབ་འབྲས་གཙོ་ཅན་གྱི་བརྡ་སྟོན་ཚུ།

༡ རྒྱ་ཁྱབ་དཔལ་འབྱོར་གོང་འཕེལ་རྩ་བརྟན་བཟོ་ཡོདཔ། ༢ དཔལ་འབྱོར་སྣ་ཚོགས་ཕྱིར་སྤེལ་དང་འཐོན་སྐྱེད་ཡར་དྲགས་བཏང་ཡོདཔ། ༣ དབུལ་ཕོངས་རྩ་མེད་དང་སྙོམ་མེད་མར་ཕབ་འབད་ཡོདཔ། ༤ སྔར་སོལ་ལམ་ལུགས་མི་ཉམས་གོང་འཕེལ་བཏང་ཡོདཔ།
༥ སྐྱེ་ལྡན་གནས་སྟངས་ཀྱི་རིམ་ལུགས་ཉམས་སྲུང་འབད་ཡོདཔ། ༦ བཙོག་རླུང་ཚད་འཛིན་དང་གནམ་གཤིས་དང་རྐྱེན་ངན་ཟློག་ཐབས་ཀྱི་གོང་འཕེལ་ཡར་དྲགས་བཏང་ཡོདཔ། ༧ ཤེས་རིག་གི་སྤུས་ཚད་དང་རིག་རྩལ་ཡར་དྲགས་བཏང་ཡོདཔ། ༨ ཆུ་དང་བཟའ་འཐུང་དེ་ལས་བཟའ་བཅུད་ཉེན་སྲུང་ཡར་དྲགས་བཏང་ཡོདཔ།
༩ གཞི་རྟོན་མཐུན་རྐྱེན་དང་བརྒྱུད་འབྲེལ་ དེ་ལས་མི་དམང་ཞབས་ཏོག་མཁོ་སྤྲོད་ཡར་དྲགས་བཏང་ཡོདཔ། ༡༠ ཕོ་མོ་འདྲ་མཉམ་གྱི་གནས་སྟངས་དང་ ཨམ་སྲུ་དང་ན་གཞོན་བུམོ་ཚུ་གི་དབང་ཆ་ཡར་དྲགས་བཏང་ཡོདཔ། ༡༡ ཐོན་ཁུངས་ཆེ་བའི་ལཱ་གཡོག་དང་ཕན་ཐོགས་ཅན་གྱི་ལཱ་གཡོག་བཟོ་ཡོདཔ། ༡༢ ངན་ལྷད་མར་ཕབ་འབད་ཡོདཔ།
༡༣ དམངས་གཙོའི་རིམ་ལུགས་དང་ དབང་ཚད་ཕྱིར་སྤེལ་གྱི་ལམ་ལུགས་སྒྱིང་སྒྱིང་བཟོ་ཡོདཔ། ༡༤ མི་མང་གི་འཕྲོད་བསྟེན་དང་ བྱམས་རྩེ་ཅན་གྱི་མི་སྡེ་ཡར་དྲགས་བཏང་ཡོདཔ། ༡༥ གཞི་རྟེན་ཚང་བའི་ཁྲོམ་ཚོགས་དང་ ཉེན་སྲུང་དང་ལྡན་པའི་ཡུན་བརྟན་ཅན་གྱི་ཁྲོམ་ཚོགས་གོང་འཕེལ་བཏང་ཡོདཔ། ༡༦ དྲང་ཁྱིམས་ཞབས་ཏོག་དང་གཙུག་སྡེ་སྒྱིང་སྒྱིང་བཟོ་ཡོདཔ།